ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ཐོར་བུ། >> སྟོད་གཡོགས་དང་སྤང་ཁེབས་ལྷམ་ཤ་གཟུགས་མ་སོགས་ཀྱི་མཚོན་དོན།

སྟོད་གཡོགས་དང་སྤང་ཁེབས་ལྷམ་ཤ་གཟུགས་མ་སོགས་ཀྱི་མཚོན་དོན།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བློ་བཟང་ཀུན་མཁྱེན།] [ཟླ་ཚེས། 11-01-19] [ཀློག་གྲངས། ]

          གསང་བའི་སྐབས་སུ་སྟོད་གཡོགས་དང་སྤང་ཁེབས་ཞེས་པ་གོས་ཆེན་གྱིས་བཟོས་པ་དེ་སྐུ་སྟོད་དང་སྐུ་མདུན་བཅས་ལ་གྱོན་སྐབས་ཕལ་ཆེར་ད་ལྟ་རང་སངས་རྒྱས་ཀྱི་ཡོད་པའི་ངོས་འཛིན་བྱེད་པ་ལས། ཟླ་གམ་གྱོན་སྐབས་དེ་ལྟ་བུའི་མཚོན་དོན་མེད་དམ་ཞེ་ན། དེ་ནི་དེ་བས་ལྷག་པའི་དོན་ཟབ་མོ་ཡོད་པ་ནི་འདི་ལྟར་ཡིན་ལ་དཔེར་ན། རྗེ་བླ་མས་ཐུབ་པའི་བསྟན་པ་ཉམས་ནས་བྱམས་པའི་བསྟན་པ་མ་བྱུང་བའི་བར་ཉམས་དམས་སུ་འགྱུར་ལ་ཁད་ཡོད་པའི་སྐབས་སུ། རྗེ་བླ་མས་བསྟན་པ་ཡུན་རིང་དུ་གནས་པར་མཛད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར། དེ་ཡང་ཟླ་གམ་གྱི་སྟོད་སྨད་གཉིས་མཐུད་པ་དང་། འོག་དེ་སྟེང་དུ་སྣོན་པ་ནི་རྗེ་བླ་མས་བསྟན་པ་ཡུན་རིང་དུ་མཛད་པའི་བརྡ་མཚོན། སུལ་བརྒྱ་ཙམ་ཡོད་པ་ནི་རིགས་བརྒྱའི་ངོ་བོ་མཚོ ན། པད་མ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན་འཁོར་བར་སྐྱེས་ཀྱང་འཁོར་བའི་གནས་ལས་ཐར་བའི་དོན་རྣམས་མཚོན། དེས་ལུས་ཡོངས་སུ་ཁེབས་པར་བྱས་པ་ནི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་སྟོང་པ་ཉིད་ཀྱིས་འཇོམས་པར་བྱ་བའི་ཆེད་དུ་ཡིན་པའི་ཕྱིར་རོ། ། 

         ལྷམ་ནི་ཤ་གཟུགས་མ་ཞེས་པ་དེ་རྗེ་བླ་མས་དུག་གསུམ་ལས་རྒྱལ་བའི་རྟགས་སུ་མཛད། དེ་ཡང་པགས་པ་དམར་པོའི་སུལ་བྱས་པ་དེས་འདོད་ཆགས་བྱ་མཚོན། དཀྱིལ་གྱི་སྣ་གཞུང་གོས་ཆེན་ཡོད་པ་དེས་ཞེ་སྡང་སྦྲུལ་མཚོན། ཀོ་བས་རྩེ་རང་ལོགས་སུ་བྱས་པ་དེས་གཏི་མུག་ཕག་མཚོན། ཡོངས་སུ་ཀོ་བ་བྱས་པ་དེས་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་གཟིངས་ཡིན་པ་མཚོན། མདོར་ན་དེ་ཀུན་དུག་གསུམ་ཐམས་ཅད་འཇོམས་པའི་བརྡ་ཡིན་པའི་ཕྱིར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com