ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ཐོར་བུ། >> ཞྭ་སེར་ཅོད་པཎ་འཆང་བ་ཞེས་བ་རགས་རིམ་བཀོད་པ།

ཞྭ་སེར་ཅོད་པཎ་འཆང་བ་ཞེས་བ་རགས་རིམ་བཀོད་པ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བློ་བཟང་ཀུན་མཁྱེན།] [ཟླ་ཚེས། 11-01-19] [ཀློག་གྲངས། ]

          དགའ་ལྡན་ལུགས་བཟང་ལ་ཞྭ་སེར་ཅོད་པཎ་འཆང་བ་ཞེས་བརྗོད་དོན་གང་ཡིན་ཞེ་ན། དེ་ཡང་མདོ་སྔགས་གཉིས་མཉམ་གཅིག་ཏུ་བྱེད་པ་ལས་ལོགས་སུ་དབྱེ་བ་མེད་པ་ནི་འཇམ་མགོན་བླ་མའི་ཁྱད་ཆོས་ལས་གཞན་སུ་ལ་མེད་པའི་ཕྱིར། གསང་བའི་སྐབས་སུ་དབང་རྫས་ནི་རིགས་ལྔ་དང་གཙུག་ཏོར་གྱོན་པའི་དུས་སུ། མི་ཧ་ལམ་པས་དེ་ནི་སངས་རྒྱས་པའི་བག་ཆགས་འཇོག་ངེས་པའི་མཚོན་དོན་དུ་རྩི་བ་ལས་གཞན་པའི་བག་ཆགས་མི་ཐེབས་པ་ལྟར་དུ་འཛིན་ན། འོ་ན་ང་ཚོས་རྒྱུན་དུ་ནས་མནབས་པའི་ཞྭ་སེར་འདི་ནི། རྗེ་བླ་མས་མ་གཏོགས་གཞན་སུ་གང་གིས་བྱས་པ་མེད་པའི་ཕྱིར། དབུ་ཞྭ་པཎ་རིང་ཞེས་པ་དེ་ནི་སྔོན་རྒྱ་གར་ལ་ཡོད་པ་ནི། པཎ་གྲུབ་ཀྱིས་བཞེས་པ་དེའི་ཐོག་ནས་ཤེས་པའི་ཕྱིར། དགེ་ལུགས་པའི་བན་དེ་ཞིག་ཡིན་ཕྱིན། ཞྭ་སེར་འདིའི་དགོས་པ་ནི་ཕྱི་སེར་ནང་སེར་ཞེས་པའི་རྟགས་ཤིག་ཡིན་ལ་འདི་ཡི་མཚོན་དོན་རགས་ཙམ་བརྗོད་ན། མདོག་སེར་པོ་བྱས་པ་ནི་ཚུལ་ཁྲིམས་ཀྱི་གཞི་མ་འདུལ་བ་གཙོ་ཆེར་འཛིན་དགོས་པའི་བརྡ་མཚོན། མགོ་གཉིས་གཅིག་ཏུ་བྱས་པ་ནི་ཕྱག་ཆེན་མངོན་དུ་གྱུར་པའི་བརྡ་མཚོན། སྒྲོ་ལོ་སྟོང་ལས་བརྒལ་བ་ནི་སངས་རྒྱས་སྟོང་རྩ་དང་སྐྱབས་གནས་གསུམ་གྱི་མཐར་ཐུག་དགེ་འདུན་ཡིན་པར་མཚོན་པ་དང་། གསང་བའི་སྐབས་རྩ་ཕྲན་༧༢༠༠༠དག་པའི་ཆ་ནས་སྤངས་རྟོགས་མཐར་ཕྱིན་མཚོན་པའི་བརྡ། ཞྭ་ནང་དཀར་པོ་བྱས་པ་ནི་བྱང་སེམས་ཀྱི་ངོ་བོ་སྤྱན་རས་གཟིགས་མཚོན་པ་དང་། གསང་བའི་སྐབས་འོད་གསལ་སྟོང་པའི་ངོ་བོ་མཚོན་ལ། མཐའ་ནས་དམར་པོ་བྱས་པ་ནི་འཇམ་དབྱངས་ཀྱི་ངོ་བོ་མཚོན་པའི་བརྡ་ཡིན། གསང་བའི་སྐབས་སུ་བདེ་བ་ཆེན་པོའི་ངོ་བོ་མཚོན། ཞྭ་ལྷག་ནང་སྔོན་པོ་བྱས་པ་ནི་ཕྱག་ན་རྡོ་རྗེའི་ངོ་བོ་མཚོན། གསང་བའི་སྐབས་ཡུམ་མི་འགྱུར་བ་མཚོན་ལ། ཞྭ་ལྷག་གཉིས་སུ་བྱས་པ་ནི་བདེན་གཉིས་ཡ་མ་བྲལ་བར་ཡོད་པའི་བརྡ་མཚོན། གསང་བའི་སྐབས་སུ་བདེ་སྟོང་དབྱེར་མེད་དུ་ཡོད་པར་མཚོན་ལ། ཕྲུ་གསུམ་ཡོད་པ་ནི་སྡེ་སྣོད་གསུམ་མཚོན། གསང་བའི་སྐབས་སུ་སྐུ་གསུམ་ཐོབ་པའི་བརྡ་མཚོན། ཞྭ་ལྷག་གཉིས་ཀྱི་ཕྱི་དམར་པོ་བྱས་པ་ནི་ཚེ་ལྷའི་ངོ་བོ་མཚོན། གསང་བའི་སྐབས་སུ་ཞེ་སྡང་གི་ངོ་བོ་གཤིན་རྗེ་གཤེད་ཀྱི་ངོ་བོ་མཚོན་ལ། ཞྭ་ལུང་རྒྱུན་བུ་བྱས་པ་ནི་མི་རྟག་དྲན་པའི་བརྡ་མཚོན། གསང་བའི་སྐབས་སུ་འགྲོ་བ་འདྲེན་པའི་ཟབ་ལམ་མཚོན་ལ། མདོར་ན་རིགས་ལྔའི་ངོ་བོར་སངས་རྒྱས་པ་ལས་རིགས་གསུམ་གྱི་ངོ་བོར་སངས་རྒྱས་མི་སྲིད་པ་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་པའི་ནུས་པ་ཁྱད་པར་འཕགས་པ་ཡོད་པའི་ཕྱིར་རོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com