ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> མི་སྣ། >> སློབ་དཔོན་པདྨ་སཾ་བྷ་བ།

སློབ་དཔོན་པདྨ་སཾ་བྷ་བ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།] [ཟླ་ཚེས། 10-06-07] [ཀློག་གྲངས། ]

           སློབ་དཔོན་འདི་ནི་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་གསུམ་གྱི་ནང་ཚན་དང་པོ་ཡིན། འདི་ཡི་རྣམ་ཐར་དང་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཅིང་། གསང་ཆེན་རྙིང་མའི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་གསུང་སྲོལ་འགའ་ཞིག་ལྟར་ན། སློབ་དཔོན་འདིར་ཡབ་ཡུམ་མེད་པར་གསུངས་ཤིང་། 《རིན་ཆེན་གཏེར་མཛོད》ཀྱི་དབུར་བཞུགས་པ་ཇོ་ནང་ཏཱ་ར་ན་ཐས་མཛད་པའི་《སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན》གྱི་ནང་། སློབ་དཔོན་འདི་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོའི་སྲས་སུ་འཁྲུངས་པའི་ཡབ་དང་ཡུམ་གྱི་མཚན་ཡང་གསལ་བར་མཛད་འདུག གཞན་ཡང་སློབ་དཔོན་འདི་དུས་ཚོད་ཇི་ཙམ་ལ་འཁྲུངས་པ་དང་། དགུང་ལོ་ཇི་ཙམ་བཞུགས་པ། བོད་དུ་ལོ་ཇི་ཙམ་བཞུགས་པ་སོགས་ཀྱི་སྐོར《པདྨ་བཀའ་ཐང་》སོགས་རྣམ་ཐར་མང་པོར་བཤད་སྲོལ་འདྲ་མིན་སྣ་ཚོགས་འདུག་པས། འདི་དག་དང་འདི་མི་དག་ཅེས་ཁོ་བོ་ལྟ་བུས་ཁ་ཚོན་ག་ལ་གཅོད་ནུས། འོན་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་རྩིག་པའི་ཚེ་སློབ་དཔོན་བོད་དུ་བྱོན་ཟིན་པ་མ་ཟད། བསམ་ཡས་ཀྱི་རབ་གནས་སྐབས་དང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོ་མ་གཤེགས་བར་བཞུགས་ནས་རྒྱལ་པོ་སད་ན་ལེགས་ཀྱི་དུས་སུ་བོད་ནད་སྲིན་ཡུལ་དུ་གཤེགས་པ་འདྲ་བ་ཞིག་རྣམ་ཐར་གཏེར་མ་འགའ་ཞིག་ནང་གསལ་བ་དང་། 《རྦ་བཞེད་ཞབས་བཏགས་མ》ཟེར་བའི་ནང་བསམ་ཡས་རབ་གནས་ཀྱི་གོང་དུ་སློབ་དཔོན་བོད་ནས་སྲིན་ཡུལ་དུ་བྱོན་ཟིན་པ་ལྟ་བུ་ཞིག་གསུངས་འདུག་པ་གང་ཡིན་བརྟག་དགོས་ཤིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ལ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་གར་གྱི་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་གི་ངྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པ་དང་། ཡབ་དང་ཡུམ་མི་དགོས་པར་བརྫུས་ནས་རང་བྱུང་དུ་འཁྲུངས་པའི་སངས་རྒྱས་ཡིན་ཞེས་གསུངས། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་《སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན》གྱི་ནང་འདི་ལྟར་གསུངས་ཏེ། རྒྱ་གར་ཡུལ་དབུས་མ་གྷ་ངྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་(སྤྱི་ལོ་༧༣༠ནས་༧༧༧བར)ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེ་ཡི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་ངྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད། དེ་ལ་སྲས་མཚན་བཟང་དང་ལྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲུངས་པ་ལས། ཁྱེའུའི་མཚན་ལྟས་ལྟ་བ་ལ་མཁས་པ་མང་པོ་ཞིག་ལ་བསྟན་པ་ན། གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་ཞིག་འབྱུང་བ་དང་། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་བཏགས། སྐུ་ན་ཆུང་དུས་ནས་རིག་གནས་ཆེ་ཆུང་དང་བརྟག་པ་བརྒྱད་ལ་སོགས་པ་གང་ལ་ཡང་དཀའ་ཚེགས་ཆེན་པོ་མི་དགོས་པར་མཁས་པར་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རཱུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་ངྷ་རི་བཅས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། བསྒོམ་བསྒྲུབ་ཡུན་རིང་མཛད་དེ་བཞུགས་པའི་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨཀྵ་ལི་ལ་ཟེར་བས་སྲིད་དབང་བཟུང་། སྲས་པདྨ་ཨ་བ་བྷ་སིས་རང་གི་ཡབ་དང་འདྲ་བར་རྒྱལ་པོའི་ཕོ་བྲང་གི་སྲིད་ཀྱི་ལས་དོན་དང་སྐར་རྩིས་ལ་བརྟེན་ནས་ལྟས་བཟང་ངན་ལུང་སྟོན་པ་བཅས་མཛད་ཅིང་སྐྱེད་ཚལ་ཞིག་གི་ནང་དུ་ལྷ་ཁང་དང་དགེ་འདུན་གྱི་སྡེ་བཞེངས་ཤིང་མཐའ་བསྐོར་དུ་མཆོད་རྟེན་དང་ལྕགས་རི་རིམ་པ་མང་པོ་བསྐོར་བ་ཞིག་འཛུགས་སྐྲུན་གནང་བས་སློབ་དཔོན་རང་ཉིད་ཀྱི་ཞབས་ཕྱི་གཅིག་རྒྱལ་པོའི་ཡིག་མཁན་དང་། གཉིས་བློན་པོའི་ཁོངས་སུ་གཏོགས་པ་དེ་གསུམ་པ་ངན་སེམས་སྐྱེས་ནས་རྒྱལ་པོར་དབྱེན་སྦྱོར་དཀྲུགས་ཤིང་བྱས་སློབ་དཔོན་མེད་པར་བཟོས་ནས། ཡུལ་འདིའི་དབང་ཆ་བཟུང་ཐབས་བྱ་རྒྱུར་གྲོས་མཐུན་ཏེ་རྒྱལ་པོར་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དབྱེན་སྦྱོར་བྱས་པར་རྒྱལ་པོ་ཁོ་ཚོའི་གཏམ་ལ་ཡིད་ཆེས་ཏེ་དམག་དཔུང་བཏང་ནས་སྐྱེད་ཚལ་གྱི་མཐའ་བསྐོར། སློབ་དཔོན་དགེ་འདུན་དང་བཅས་པ་ཡུལ་གཞན་དུ་གནས་དབྱུང་བཏང་། བློན་པོ་རྣམས་ཀྱིས་སློབ་དཔོན་འདི་མ་བསད་ན་རྗེས་སུ་རང་ཅག་ལ་གནོད་པ་བྱེད་སྲིད་ཟེར་ནས་གཤེད་མ་མངགས་ཏེ་སློབ་དཔོན་བཟུང་། མཚོན་ཆ་བསྣུན་པ་དང་། མེར་བསྲེགས་པ། ཆུ་ལ་བསྐྱུར་བ། གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་བཏང་བ་བཅས་བྱས་ཀྱང་སློབ་དཔོན་གསོད་མ་ཐུབ་ཅིང་། རྫུ་འཕྲུལ་བསྟན་ནས་སྐུ་ལུས་ལ་ཅི་ཡང་མ་གནོད་པར་མཛད། དེ་ནས་བཟུང་བྲག་ཕུག་དང་། དུར་ཁྲོད་སོགས་སུ་བཞུགས་ནས་ལྷ་འདྲེ་གདུག་ཅན་ཐམས་ཅད་ལ་དབང་དུ་བསྒྱུར། གྲུབ་པ་ཐོབ་པའི་སློབ་དཔོན་ངྷ་བུ་ཀྲི་ཏ་སོགས་སློབ་དཔོན་བརྒྱད་ལས། རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་རྩི་བཅས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། ད་དུང་དེས་ཐུགས་མ་ཚིམ་པར་རྒྱ་གར་ཡུལ་དབུས་མ་གྷ་ངྷར་བྱོན། སྐབས་དེར་རྒྱལ་པོ་ངྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་(སྤྱི་ལོ་༧༩༠ནས་༨༥༣)བར་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ་ནས་སློབ་མ་གསོ་སྐྱོང་གནང་བའི་སྐབས་ཡིན། ཆོས་ཀྱི་མྱུ་གུའི་དགོན་པར་སློབ་དཔོན་དེའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་མཛད། གཞན་ཡང་རྒྱུད་སྡེ་བཞིའི་རྒྱུད་དང་མན་ངག་ཧ་ཅང་མང་པོ་གསན། དེ་ནས་སློབ་དཔོན་གྱིས་བཀའ་གནང་བ་ལྟར། རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ཏེ་འཆི་མེད་རྡོ་རྗེའི་སྐུ་མངོན་དུ་མཛད། དེ་ནས་རྒྱ་གར་བྱང་ཕྱོགས་ཡུལ་ཏི་ར་ཧུ་ཏི་དང་། བལ་ཡུལ། ཤར་ཕྱོགས་ཀཱ་མ་རཱུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་མུ་སྟེགས་པ་མང་པོ་ཡོད་པའི་ས་གནས་ཕལ་ཆེ་བར་བྱོན་ནས་རྫུ་འཕྲུལ་གྱི་སྒོ་ནས་མུ་སྟེགས་པའི་ལྷ་འདྲེ་རྣམས་བཏུལ་ནས་དམ་ལ་འདོགས་པར་མཛད་པ་སོགས་གསལ། སློབ་དཔོན་ཆེན་པོ་འདི་ཉིད་བོད་དུ་གདན་དྲངས་ཚུལ་ལ་《རྦ་བཞེད》དང་《བཀའ་ཐང་》གཉིས་བཤད་ཚུལ་མི་མཐུན་པ་ཡོད་ཅིང་། 《བཀའ་ཐང》དུ་འཁོད་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྦ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ་བཅས་བཞི་ལ་གསེར་ཕྱེ་བྲེ་གང་རེ་དང་། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་དུ་བརྫངས། སློབ་དཔོན་ཆེན་པོ་དང་མཇལ་ཏེ་རྒྱལ་པོའི་ཕྱག་རྟེན་རྣམས་ཕུལ་ནས་བོད་དུ་ཕེབས་པར་ཞུས་པས་ཞལ་གྱིས་བཞེས། ཁྱོད་ཕོ་ཉ་བ་ཚོ་སྔོན་ལ་སོང་། ངས་རྗེས་སུ་འོང་སྟེ་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུལ་ནས་དམ་ལ་བཏགས་ཀྱིན་མ་བྱས་ན་བར་ཆད་ཆེ་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བཏང་། སློབ་དཔོན་གྱིས་བལ་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་ཏེ་མི་མ་ཡིན་མང་པོ་དམ་ལ་འདོགས་པ་དང་གཏེར་སྦ་བ་སོགས་མཛད། (དེ་ནས་རྦ་བཞེད་དུ་གསལ་བ་ལྟར་ན་མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་ཀར་གྱི་བར་དུ་ཆུ་ཐོག་གྲུ་རྫིངས་ལ་བྱོན་པར་བཤད)དེ་ནས་སླར་ཡང་རྒྱལ་པོས། གནུབས་ནམ་མཁའི་སྙིང་པོ། དབས་མང་རྗེ་གསལ་སྣང་། སེང་གོང་ལྷ་ལུང་གཟིགས། དབས་མི་གྲུ་གཟིངས། ཅོག་རོ་དཔལ་གཟུངས་མགོན། ཤ་མི་པུ་ཏྲ་ཤྲི། གཉེར་སྣག་བཙན་ལྡོང་གཟིགས་སོགས་མང་ཡུལ་གྱི་མཐའ་སྲུང་བློན་པོར་བརྫངས་པའི་ཁུལ་མཛད་དེ་སླར་ཡང་སློབ་དཔོན་ཆེན་པོ་ཕེབས་བསུར་བཏང་ཞིང་། སླར་ཡང་སྐ་བ་དཔལ་བརྩེགས་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཅས་གདན་འདྲེན་དུ་བཏང་། མང་ཡུལ་ནས་རིམ་བཞིན་གནམ་ཐང་མཁར་ནག འོ་ཡུག བྱང་ཁུལ་འདམ་གཞུང་། འཕན་པོ། མལ་དྲོ་སོགས་སུ་བྱོན་ནས་ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་མ་བཅུ་གཉིས། དམ་ཅན་རྡོ་རྗེ་ལེགས་པ། གཉན་ཆེན་ཐང་ལྷ། གཉན་མཁར་ནག མལ་དྲོ་གཟི་ཅན། ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས། རིམ་གྱིས་ཡར་ལུང་གཙང་པོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན། རྒྱལ་པོ་དང་བཙུན་མོ་གཉིས། བློན་པོ། བོད་འབངས་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྔ་བྲོ་དང་། གླུ་བྲོ། འབག་སོགས་ཀྱི་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། དེ་ནས་རྒྱལ་པོའའི་གཟིམས་མལ་བ་ལྷ་དུང་མཚོ་བཞེར་སྙན་ལེགས་སོགས་ལ་པྲ་རྟེན་མཛད་དེ་རྒྱལ་པོ་ཆེན་པོ་བཞི་ཡི་པྲ་ཕབ(མིའི་ལུས་རྟེན་ལ་ལྷ་བབས་སུ་བཅུག་པ)ནས་སྔར་བོད་ས་གནས་ཆོས་དར་སྤེལ་གཏོང་རྒྱུར་བར་ཆད་དང་གནོད་འཚེ་བྱེད་མཁན་ལྷ་འདྲེ་སུ་དང་སུ་ཡིན་གྱི་ལུང་བསྟན་རྒྱག་ཏུ་བཅུག་པ་དེ་ནི་བོད་དུ་གསང་སྔགས་ཀྱི་གཞུང་ནས་བཤད་པ་ལྟར་གྱི་ལྷ་ཕབས་པའི་ལུགས་སྲོལ་ཐོག་མ་དེ་ཡིན། དེ་ནས་སླར་ཡང་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རྨང་འདིང་བར་མཛད། འདི་ནི་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གསུམ་པ་ཡིན་པར་《པདྨ་བཀའ་ཐང》ལས་བཤད། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་སྟག་ལོ་ནས་རྟ་ལོའི་བར་ལོ་བཞིའི་རིང་བཞེངས་གྲུབ་སྟེ། རབ་གནས་སློབ་དཔོན་དང་མཁན་ཆེན་གཉིས་ལྷན་རྒྱས་སུ་མཛད་ཅིང་ངོ་མཚར་ཅན་གྱི་ལྟས་བཟང་པོ་ཧ་ཅང་མང་པོ་བྱུང་ཞིང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ངམ་ཤོད་ཀྱི་བྱེ་ཐང་དང་གྲམ་ཐང་རྣམས་ནགས་ཚལ་དང་སྤང་ཐང་དུ་བསྒྱུར། ཟུང་མཁར་སོགས་སུ་དཀོན་པའི་སར་ཆུ་ཐོན་པར་མཛད། ལྷ་སྲས་མུ་ཁྲི་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་པའི་ནོར་རྫས་རིན་ཐང་ཆེ་བ་རྣམས་བོད་དུ་དྲངས་པས། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅའི་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། རྒྱལ་པོ་དང་བཙུན་མོ་གཉིས། སད་མི་མི་བདུན་སོགས་གསང་སྔགས་ཀྱི་སྐལ་ལྡན་སློབ་མ་ཉི་ཤུ་རྩ་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་ཅིང་། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཐོག་མར་བྱུང་། སློབ་དཔོན་ཆེན་པོ་འདི་བོད་དུ་ཡུན་ཇི་ཙམ་བཞུགས་པ་དང་། རྒྱལ་པོ་གང་གི་དུས་སུ་བོད་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་ཡོད། 《རྦ་བཞེད》ལས། སློབ་དཔོན་ཆེན་པོ་བོད་དུ་ཕེབས་ནས་བསམ་ཡས་ཀྱི་རབ་གནས་མ་མཛད་གོང་དུ་ཆུ་མེད་སར་སུ་འདོན་པ་དང་། བྱེ་ཐང་དང་གྲམ་ཐང་རྣམས་སྤང་ཐང་དང་ནགས་ཚལ་དུ་བསྒྱུར་བ་སོགས་ཀྱི་རྫུ་འཕྲུལ་མང་པོ་བསྟན་པར་མཛད་པ་བློན་པོ་སངས་རྒྱས་ཆོས་ལུགས་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོར་ཞུས་དོན། རྒྱ་གར་གྱི་ཨ་ཙརྱ་འདི་མཐུ་དང་ནུས་པ་ཆེ་ལུགས་ལ་བལྟས་ན་འདིས་ནམ་ཞིག་བོད་ཀྱི་རྒྱལ་པོའི་སྲིད་དབང་འཕྲོག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བས་ཁོ་རང་གི་ཡུལ་དུ་བསྐྱལ་ན་ལེགས་ཞེས་ཡང་ཡང་ནན་ཏན་གྱི་ཞུས་པས་རྒྱལ་པོ་བྱ་ཐབས་མ་རྙེད་ནས་སློབ་དཔོན་རྒྱ་གར་དུ་ཕྱིར་ཕེབས་སྐྱེལ་མ་ཞུ་དགོས་བྱུང་བ་དང་། བློན་པོ་རྣམས་ཀྱིས་ལྐོག་ཏུ་གྲོས་བྱས་ཏེ་སློབ་དཔོན་རྒྱར་གར་ཕྱིར་ཕེབས་གནང་བའི་ལམ་བར་དུ་ལྐོག་གསོད་བྱ་མ་ཐུབ་ན་རྗེས་སུ་བོད་ལ་གནོད་འཚེ་བྱེད་ཉེན་ཡོད་ཅེས་གྲོས་མཐུན་ནས་སློབ་དཔོན་གྱི་རྗེས་སུ་གཤེད་མ་རྟ་བ་མི་བཅོ་བརྒྱད་བཏང་ནས་མངའ་རིས་མང་ཡུལ་གུང་ཐང་ཁར་སྒུག་ར་སྤྲད་དེ་སློབ་དཔོན་དེར་ཕེབས་པ་དང་གཤེད་མ་ཚོས་གློ་བུར་དུ་གནོད་འཚེ་བྱེད་པར་འོངས་སྐབས་སློབ་དཔོན་གྱིས་བྱེ་མ་ལ་སྔགས་བཏབ་གཏོར་བས་གཤེད་མ་རྣམས་ལུས་རེངས་ཏེ་སྒུལ་བསྐྱོད་མ་ཐུབ་པར་ལུས། དེ་ནས་སློབ་དཔོན་ནམ་མཁའ་ལ་འཕུར་ནས་སྲིན་ཡུལ་དུ་ཕེབས་པར་བཤད། 《བཀའ་ཐང》འགའ་ཞིག་ལས་སློབ་དཔོན་བོད་དུ་ལོ་དྲུག བཅུ་གཉིས། བཅོ་བརྒྱད། ལྔ་བཅུ་སོགས་སུ་བཞུགས་པར་བཤད་པ་སོགས་མི་འདྲ་བ་ཡོད། བསམ་ཡས་ཀྱི་འཁོར་ས་ཆེན་མོའི་ལྡེབས་བྲིས་དང་《བཀའ་ཐང་སྡེ་ལྔ》《པདྨ་བཀའ་ཐང》བཅས་ལ་ཞིབ་ཏུ་བརྟགས་ན། སློབ་དཔོན་ཆེན་པོ་བོད་དུ་ཕེབས་སྐབས་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གཉིས་བྱས་ཟིན་པ་དང་། བོད་དུ་ཕེབས་རྗེས་སླར་ཡང་རྩིག་རྨང་བཏིང་སྟེ་བསམ་ཡས་གཙུག་ལག་ཁང་གི་རབ་གནས་ཀྱི་སྐབས་སུ་བཞུགས་ཡོད་པར་གསལ་ཞིང་། ལྷག་པར་དུ་བཀའ་ཐང་ཁག་གི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་རིང་དང་། དེ་ནས་མུ་ནེ་བཙན་པོས་སྲིད་དབང་སྐྱོང་སྐབས་དང་མུ་ནེ་བཙན་པོ་འདས་ནས་མུ་ཏིག་བཙན་པོས་སྲིད་དབང་བཟུང་སྐབས་ལོ་ཤས་བཅས་ཀྱི་བར་བོད་དུ་བཞུགས་པར་གསལ་ལ་ལྟར་ན་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཆུ་སྟག་(༧༦༢)ལོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སད་ན་ལེགས་ཀྱིས་སྲིད་དབང་བཟུང་བའི་ལོ་སྟེ་ཤིང་སྤྲེལ་(༨༠༤)བར་ལོ་བཞི་བཅུ་ཞེ་གསུམ་ཡོད་པས་རྒྱལ་པོ་མུ་ཏིག་བཙན་པོ་སད་ན་ལེགས་ཀྱིས་སྲིད་དབང་བཟུང་རྗེས་ཀྱང་ལོ་ཤས་བཞུགས་པ་བསྡོམས་ན་བོད་དུ་ལོ་ལྔ་བཅུ་མ་ཟིན་ཙམ་ཞིག་བཞུགས་ཡོད་ངེས་སྙམ། འོན་ཀྱང་《བཀའ་ཐང》ནང་དུ་འཁོད་པའི་སློབ་དཔོན་གྱི་རྣམ་ཐར་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱིའི་ལྟ་ཚུལ་དང་མི་མཐུན་པའི་ཚིག་མང་པོ་ཞིག་འདྲེས་ནས་ཡོད་སྟབས་དེས་རྐྱེན་བྱས་ཏེ་བོད་ལྗོངས་སྐྱེ་བོ་ཡོངས་ལ་མཚུངས་ཟླ་མེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཆེན་པོ་དང་གསང་སྔགས་སྔ་འགྱུར་གྱི་བསྟན་པ་བསྟན་འཛིན་དང་བཅས་པར་མ་དད་ལོག་རྟོག་སྐྱེ་བའི་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག་པ་ཕྱི་རབས་རང་རིགས་ཀྱི་མཁྱེན་ལྡན་མཁས་པ་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ཏེ་ཐུགས་དགོངས་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བརྟག་དཔྱད་ནན་ཏན་མཛད་པར་ཞུ་ཞེས་གསོལ་བ་འདེབས་རྒྱུ་ཡིན་ལགས།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com