ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> མི་སྣ། >> ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས།

ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།] [ཟླ་ཚེས། 10-05-28] [ཀློག་གྲངས། ]

           རྗེ་འདི་ནི་མདོ་སྨད་ཕྱག་རྡོ་ཐང་ལ་ཀྱཱ་སྡེ་ཞེས་བྱ་བའི་ཡུལ་དུ་ཡབ་ལོ་ལོ་དང་ཡུམ་འབའ་ཀོ་གཉིས་ཀྱི་སྲས་རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་(༡༧༤༠)ལོར་སྐུ་འཁྲུངས།  དགུང་ལོ་བདུན་ལ་ལྷ་རི་བློ་བཟང་འབྱུང་གནས་ཀྱི་དྲུང་དུ་རབ་བྱུང་བསྒྲུབས།  མཚན་བློ་བཟང་དོན་གྲུབ་ཏུ་གསོལ།  དགུང་ལོ་བཅོ་ལྔ་ལ་བྱ་ཁྱུང་དགོན་དུ་ཆོས་ཞུགས་མཛད་དེ་ཤིང་བཟའ་པཎྡི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སློབ་དཔོན་དུ་བསྟེན་ཆོས་བཀའ་མང་དུ་གསན།  དགུང་ལོ་ཉེར་བདུན་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་ཁྱི་(༡༧༦༦)ལོར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད།  གཞུང་ཆེན་པོར་སློབ་གཉེར་གནང་།  དགུང་ལོ་ཉེར་བརྒྱད་ཐོག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་བསྒྲུབས།  དགུང་ལོ་སོ་གཉིས་ལ་གྲྭ་སྐོར་མཛད། སུམ་རྟགས་རྩིས་དཀར་ནག་སོགས་ལའང་མཁས་པར་གྲགས་པས་མཚན་དབྱངས་ཅན་དགའ་བའི་བློ་གྲོས་སུ་གསོལ། འབྲུ་གཅིག་ལ་དེ་བཞིན་གཤེགས་པའི་སྐུའི་སྐྱེད་མཆེད་ལེགས་པར་དོད་པ་བཞེངས་པ་སོགས་བཟོའི་གནས་ཀྱང་མཁས་པར་མཁྱེན། ཀུན་མཁྱེན་འཇིགས་མེད་དབང་པོ་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། དགུང་ལོ་བཞི་བཅུ་ཐམ་པར་མགུར་རྣམ་རྒྱལ་གླིང་གི་ཁྲིར་ཕེབས། རྫོང་ནང་དགོན་པ་དང་། སྨན་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་སོགས་སྔ་ཕྱིར་ཕྱག་བཏབ། དགུང་ལོ་དྲུག་ཅུ་རེ་བཞི་ལ་བྱ་ཁྱུང་དགོན་གྱི་གདན་རབས་ཞེ་དགུ་པའི་ཁྲིར་ཕེབས། སྐུ་འབུམ་གྱི་ཁྲིར་བཞུགས་དུས་རྗེ་ཡབ་སྲས་ཀྱི་གསུང་འབུམ་དཔར་དུ་འགོད་རྒྱུ་ལ་ཞུ་དག་ལེགས་པར་མཛད།  སྐུ་འབུམ་གསོ་རིག་དར་རྒྱས་གཞན་ཕན་གླིང་གི་གདན་ཁྲིར་ཕེབས། ཨ་ཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བསྩལ།  སྐུ་འབུམ་བླ་ཨ་ཀྱཱ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད་པས་ཡོངས་གྲགས་སུ་ཨ་ཀྱཱ་ཡོངས་འཛིན་ཞེས་གསོལ། བཀའ་རྩོམ་ལ། <<མཁས་པ་བླུན་པོ་བརྟག་པའི་བསྟན་བཅོས་དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོའི་འགྲེལ་པ་ཉི་མའི་འོད་ཟེར>>  <<ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུལ་རྒྱན>>   <<འདུལ་བའི་སྡོམ་ཚིག་གནད་བསྡུས་ནོར་བུའི་ཕྲེང་བ>> <<སྙན་ངག་གི་བསྟན་བཅོས་མུ་ཏིག་ཕྲེང་བ>> <<སྡེབ་སྦྱོར་རིན་འབྱུང་གི་གནད་དོན་གསལ་བའི་མེ་ལོང>> <<རྟགས་ཀྱི་འཇུག་པའི་དཀའ་གནད་བདག་གཞན་དང་བྱ་བྱེད་ལས་གསུམ་གྱི་ཁྱད་པར་ཞིབ་ཏུ་ཕྱེ་བ་ཉུང་གསལ་འཕྲུལ་གྱི་ལྡེ་མིག>>སོགས་པོད་འབྲིང་གཉིས་ལྷག་མཛད། དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་ཕག་(༡༨༢༧)ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com