ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> མི་སྣ། >> ལྕང་སྐྱའི་རྣམ་ཐར་མདོར་བསྡུས།

ལྕང་སྐྱའི་རྣམ་ཐར་མདོར་བསྡུས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྒྱལ་བ་བློ་བཟང་མཁས་གྲུབ།] [ཟླ་ཚེས། 10-05-27] [ཀློག་གྲངས། ]

      ལྕང་སྐྱ་རོལ་པའི་རྡོ་རྗེ་ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱ་ལོ་སྟེ་སྤྱི་ལོ༡༧༡༧ལོར་མདོ་སྨད་བྱང་ཕྱོགས་ཀྱི་ལང་གྲུ་སྡེ་བཞིའི་ནུབ་པདྨོའི་སྡེ་བའི་ཆར་གཏོགས་འབྲོག་གནས་བྲག་དཀར་གྱི་ལུང་བ་ལ་ཡབ་ཆི་ཀྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༧༨༦ལོར་རི་བོ་རྩེ་ལྔར་སྐུ་གཤེགས། ཁོང་དགུང་ལོ་བཞི་བར་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ཡང་སྲིད་དུ་ཐུགས་ཐག་བཅད། དེ་ནས་ལྕང་སྐྱ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་གསོལ་འདེབས་བཅས་ལ་ལེགས་པར་སྦྱངས། དགུང་ལོ་བདུན་པར་རྗེ་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བརྒྱད་པར་གོང་མ་ཡུང་ཊིང་གིས་གདན་འདྲེན་ཞུས་པ་ལྟར་པེ་ཅིན་དུ་ཕེབས་ནས་ཟུང་གྲུ་ཟི་དགོན་པའི་ཁྲི་ལ་ཞབས་ཀྱི་པདྨོ་བཀོད། གོང་མས་ལྕང་སྐྱ་ལ་“བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ”ཞེས་པའི་མཚན་སྙན་དང་། གསེར་སྲང་བརྒྱད་ཅུ་ལས་བྱས་པའི་ཐམ་ག་གསེར་ཡིག་བཅས་གནང་སྟེ་ཆབ་སྲིད་ཆེན་པོའི་བླ་མར་བཀུར། དགུང་ལོ་བཅུ་དགུ་པར་གོང་མའི་བཀའ་ལྟར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ཁྲི་ལ་བཀོད་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་གསོལ། དགུང་ལོ་ཉེར་ལྔ་བར་གོང་མ་ཆན་ལུང་གི་བཀའ་ལྟར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་བས་ཕྱིས་སུ་པེ་ཅིན་དུ་པར་ཤིང་བརྐོས་ཡོད། དེ་ནས་མི་རིང་བར་དགའ་ལྡན་བྱིན་ཆགས་གླིང་དང་དབེན་དགོན་དམ་ཆོས་དགའ་ཚལ། གདུགས་དཀར་ལྷ་ཁང་སུམ་ཐོག་ཅན། རྒྱ་གར་ལྷ་ཁང་། ཞེ་ཧོར་སྐྱེད་ཚལ་གྱི་ཉེ་འདབས་སུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་བཞེངས་པའི་དགོན་པ་སོགས་པེ་ཅིན་དུ་བོད་ལུགས་ཀྱི་དགོན་པ་མང་བོ་གསར་དུ་བཞེངས་ཏེ་གོང་མ་ལའང་བོད་ཡིག་བསླབས་ཤིང་ཟབ་ཆོས་རྣམས་ཀྱང་རིམ་གྱིས་ཕུལ། དགུང་ལོ་ཞེ་གཅིག་པར་གོང་མའི་བཀའ་བཞིན་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་བཙལ་བར་དབུས་སུ་ཕེབས། དགུང་ལོ་ང་ལྔ་བར་གོང་མའི་བཀའ་བཞིན་བཀའ་འགྱུར་མན་ཇུའི་སྐད་ཡིག་ཏུ་བསྒྱུར་བས་གོང་མ་ཐུགས་ཤིན་ཏུ་དགྱེས་ནས་ཁོང་ལ་བརྩི་བཀུར་མཛད་དོ། ཁོང་གི་གསུང་རྩོམ་ནི་བསྟན་བཅོས་ཆེ་ཆུང་ཆིག་བརྒྱ་བརྒྱད་ཅུ་གྱ་དགུ་ཡོད་པ་རྣམས་པོ་ཏི་བདུན་དུ་བསྡུས་ཏེ་པེ་ཅིན་དུ་ཤིང་པར་བརྐོས་ཡོད། ཁོང་གི་སློབ་མ་ནི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་དུ་མཆིས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com