ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> ཤིང་བཟའ་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་གནང་བའི་ཆབ་ཤོག

ཤིང་བཟའ་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་གནང་བའི་ཆབ་ཤོག

[རྩོམ་གྱི་ཡོང་ཁུངས། ཙོང་ཆུའི་དྲ་བ།] [རྩོམ་པ་པོ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ།] [ཟླ་ཚེས། 11-04-22] [ཀློག་གྲངས། ]

 ༄༅། ། ཚུལ་གནས་ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རྒྱས། ། 
    འཆད་རྩོད་རྩོམ་པའི་འོད་ཕྲེང་ཕྱོགས་བཅུར་སྤྲོ། །
               བསྟན་འགྲོའི་དགེ་ལེགས་འདབ་བརྒྱ་བཞད་པའི་གཉེན། །
དཔལ་ལྡན་བླ་མ་སྙིང་གི་མུན་སེལ་རྒྱལ། །       
     ཐུན་མོང་མཆོག་གི་དངོས་གྲུབ་འབྱུང་བའི་གཞི། ། 
 བཤེས་གཉེན་རིན་ཆེན་དབང་གི་རྒྱལ་པོ་ཉིད། །
 མི་འཕྲོག་དད་གུས་རྒྱལ་མཚན་རྩེར་བཀོད་ན། །
       བདེ་ལེགས་འདོད་དགུ་སྩོལ་བ་དངོས་པོའི་གཤིས། ། 
 དེ་ཕྱིར་ཐུན་དང་ཐུན་མཚམས་ཐམས་ཅད་དུ། ། 
  སངས་རྒྱས་དངོས་ཀྱི་འདུ་ཤེས་མི་འབྲལ་བར། ། 
    སྤྱི་གཙུག་སྙིང་དཀྱིལ་སོགས་སུ་བསྒོམ་བྱས་ནས། །
      ཤུགས་དྲག་གསོལ་འདེབས་མན་ངག་སྙིང་བོ་ཡིན། །
 མཐའ་མེད་སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ། །   
            དལ་བརྒྱད་འབྱོར་བཅུའི་རྟེན་བཟང་ཐོབ་དུས་འདིར། །
 འདི་སྣང་མཆིང་བུ་བདག་གིར་མི་བྱེད་པར། །   
གཏན་བདེ་ཆོས་དོན་ནོར་བུ་འཚོལ་བ་དགོས། །
   ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སྡུག་བསྔལ་གྱིས། །
གདུང་བས་ངན་སོང་འགྲོ་བ་ཡི་རེ་མུག །         
  དེ་ལས་སྐྱོབ་པའི་སྐྱབས་གནས་ཟླ་མེད་པ། །       
           མཆོག་གསུམ་སྐྱབས་འགྲོ་བསླབ་ལས་མི་འདའ་གཅེས། །
ཁྱད་པར་དཀར་ཆོས་ཀུན་གྱི་གཞིར་གྱུར་པའི། །
   ཡང་དག་ལྟ་བུ་དཀར་ནག་ལས་འབྲས་ལ ། །        
ཡིད་ཆེས་ངེས་པ་རྙེད་ནས་མ་ནོར་པར། །        
   སྤང་བླང་དྲན་ཤེས་བསྟེན་པ་གདམས་པའི་ཕུལ། ། 
 རྨོངས་པ་མུན་པའི་སྲིན་མོ་ཆགས་སྡང་བ། །        
གདངས་ཤིང་སྐྱེ་རྒ་ན་འཆིའི་མཆེ་བ་གཙིགས། །  
སྡུག་བསྔལ་ཁྲག་གི་ཀླུང་འབབ་ལས་ངན་གྱི། །    
རོ་ནུས་མ་ཟད་དེ་སྲིད་བལྡད་བྱེད་པས། །          
  སྤྱང་གྲུང་འཛོམས་པའི་སྐྱེས་བུ་སྟོབས་ལྡན་པ། །   
  བླང་དོར་མ་ནོར་སྤྱོད་པ་ཐམས་ཅད་ཀྱིས། །         
      དེ་ལས་ཐར་པའི་ཐབས་མཆོག་བསླབ་པ་གསུམ། །    
  གཡེལ་མེད་རྒྱུད་ལ་བསྟེན་པ་གལ་རེ་ཆེ། །           
ལྷ་ཅིག་དཱི་པཾ་ཀ་རའི་བཞེད་སྲོལ་ཚད་མེད་བཏང་སྙོམས་ས་གཞི་མར་ཤེར་སྔོན་འགྲོ་བའི། །         
 དཔག་མེད་དྲིན་དྲན་དྲིན་ལན་གཟོ་སེམས་ཡིད་འོང་བྱམས་པའི་ཆུ་ཡིས་ཡང་ཡང་བརླན་བྱས་ཏེ། །
       ཡིད་ཅན་སྡུག་བསྔལ་འདོར་འདོད་སྙིང་རྗེ་གཞན་དོན་ཁུར་འཁྱེར་ལྷག་བསམ་ས་བོན་བཏབ་པ་ལས། །
                  ཕྱིན་དྲུག་བསྡུ་བཞིའི་ལོ་འདབ་རབ་རྒྱས་སེམས་བསྐྱེད་འབྲས་བུ་ཡོངས་རྗོགས་དཔག་བསམ་ལྗོན་པ་འཁྲུངས། །
དེ་ལྟའི་བྱང་ཆུབ་གཞུང་ལམ་དྲང་བོ་རུ། །     
        འཇུག་པའི་མཐུན་རྐྱེན་མ་ཚང་མེད་བསྒྲུབས་ནས། །
   ཐབས་མང་མྱུར་དུ་ཚོགས་གཉིས་རྫོགས་པ་ཡི། །
རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་རིགས། །  
 དེ་ཡང་སློབ་དཔོན་མཚན་ཉིད་ལྡན་པ་ལས། །
       སྐུ་བཞིའི་ནུས་པ་འཇོག་ངེས་དབང་བཞི་བླངས། །
དེ་ཡི་དུས་སུ་ཁས་བླངས་སྡོམ་དམ་ཚིག །     
  མིག་འབྲས་ཇི་བཞིན་སྲུང་བ་ཤིན་ཏུ་གཅེས། ། 
    དབང་ཐོབ་དུས་སུ་ཁས་བླངས་དམ་ཚིག་ལས། །
    འདས་ན་འགྲམ་རྩ་ཟག་པའི་ཁང་ཧྲུལ་བཞིན། །
        རྒྱུད་ཆུད་ཟོས་ནས་ཉམས་རྟོགས་རིགས་སྤྱི་དང་། ། 
     ཁྱད་པར་རིམ་གཉིས་རྟོགས་པ་མི་སྐྱེ་གསུངས། །
  སྣོད་དུ་རུང་ནས་སྐུ་གསུམ་ལམ་འཁྱེར་གྱིས། །
   བསྡུས་པའི་སྨིན་བྱེད་བསྐྱེད་རིམ་དག་བསླབ། །
  གཙོ་བོར་ཐ་མལ་སྣང་ཞེན་གྱི་གཉེན་པོར། །   
  གསལ་སྣང་ང་རྒྱལ་དག་ལ་འདྲིས་པར་བྱ། །   
དེ་རྗེས་ཕྲ་བ་རྟོགས་པའི་རྫོགས་རིམ་གྱིས། །
ཐ་མལ་སྐྱེ་ཤི་བར་དོ་དངོས་སྦྱོང་ཞིང་། །     
      ལམ་གྱི་སྐུ་གསུམ་རྣལ་འབྱོར་མཐར་ཕྱིན་ནས། ། 
          འབྲས་བུ་རྡོ་རྗེ་འཆང་དབང་འགྲུབ་པར་གསུངས། །
      འདི་ཕྱིའི་ཕུན་ཚོགས་ཇི་ལྟར་འབྱོར་གྱུར་ཀྱང་། །
 མི་རྟག་མི་བརྟན་སྙིང་བོ་མེད་པའི་ཚུལ། །    
     བྱང་བའི་བྱིས་པར་ཉུང་མའི་རིགས་ཇི་བཞིན། ། 
               གཟིགས་ནས་ཉིན་མཚན་ཆོས་ཀྱིས་འདའ་བར་མཛོད། །
    མཐའ་མེད་འཁོར་བའི་ནགས་ཀླུང་སྟུག་པོ་རུ། །
        གཏད་མེད་འཁྱམས་པའི་ཉམ་ཐག་སྐྱེ་རྒུ་རྣམས། ། 
        གཞལ་མེད་དྲིན་ཅན་མ་རུ་ལེགས་གཟིགས་ནས། །
        བླ་མེད་བྱང་ཆུབ་འགོད་པའི་ཐུགས་དམ་མཛོད། །
     འཁོར་འདས་ཆོས་ཀུན་རང་རང་སྒྲ་རྟོག་གིས། ། 
             བཞག་པའི་མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས། །
                གདགས་གཞིའི་ངོས་ནས་ཚུགས་ཐུབ་བདེན་གྲུབ་ཀྱིས། ། 
                སྟོང་བའི་ཆོས་ཉིད་ཉམས་བཞེས་མཐིལ་དུ་མཛོད། །      
དེ་ལྟའི་བསླབ་བྱ་ཉུང་ངུ་པད་དཀར་ལ། །   
     མཆོག་སྤྲུལ་སྤྱན་ཟུང་ཉིན་བྱེད་ཟེར་སྤྲོས་པས། ། 
         ཐུགས་རྒྱུད་དགྱེས་པའི་སྦྲང་རྩིའི་མཆོད་ཡོན་དག ། 
                                                                                         འགྱེད་པའི་དཔལ་ཡོན་ཅན་དུ་གྱུར་ཅིག་གུ །  །                                         ཞེས་པ་འདི་ནི་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེས་སྐུལ་མ་གནང་བ་བཞིན། རང་ལ་ཉམས་ལེན་མེད་ཀྱང་བཞེད་པ་དོན་ཡོད་པར་བྱ་བའི་ཕྱིར་༧ཐར་ཤུལ་སྐྱེ་མིང་པ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་བྲིས་པའོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com