ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> ཆོས་དང་ཆོས་མིན་འབྱེད་པའི་གཏམ་ཞེས་བྱ་བ་བཞུགས།

ཆོས་དང་ཆོས་མིན་འབྱེད་པའི་གཏམ་ཞེས་བྱ་བ་བཞུགས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མི་ཏྲི་བ་དོན་གྲུབ་རྒྱལ་མཚན།] [ཟླ་ཚེས། 11-01-04] [ཀློག་གྲངས། ]

         མདོ་རྒྱུད་སངས་རྒྱས་བཀའ་དང་མཐུན། །རྒྱ་བོད་མཁས་པའི་གཞུང་ལུགས་དེ། །མཁས་གྲུབ་བླ་མའི་ཞལ་ལས་བླངས། །རྣམ་དཔྱོད་ཤེས་ལྡན་གྲྭ་ཚོགས་དབུས། །སྒྲོ་འདོགས་ལེགས་པར་བཅད་པ་ཡིས། །རང་གཞན་གྲུབ་མཐའི་ཚིག་དོན་ཤེས། །ཀུན་དཔྱོད་ལྡན་པ་ཀུན་ལ་གཅེས། །དེ་ལ་དགེ་བཤེས་ཟེར་བ་ཡིན། །གསང་སྔགས་ཚད་ལྡན་རྒྱུད་སྡེ་ཡི། །ནང་ནས་བཤད་པ་དང་མི་འགལ། །བླ་མ་མཚན་ཉིད་ལྡན་པ་ཡི། །ཞལ་ནས་བླངས་པའི་འཁྲུལ་མེད་ཀྱི། ། བརྒྱུད་པ་མན་ངག་ལྡན་པ་ལ། །གསང་སྔགས་པ་ནི་དེ་ལ་ཟེར། །མཚན་ཉིད་གཞུང་ལུགས་ལྟ་ཅི་སྨོས། །རྒྱུད་སྡེའི་དབྱེ་ཙམ་མི་ཤེས་པར། །རང་ལུགས་ཕྲ་མོའི་འཇོག་མཚམས་མེད། །དཀའ་བཅུ་རབ་འབྱམས་མིང་བཏགས་ནས། །དཀོར་ཟས་ཟ་ཞིང་ཧམ་གཏམ་ལབ། །མི་ཤེས་པ་ལ་ཁྱད་གསོད་བྱེད། །ཤེས་པ་དག་ལ་བརྙས་བཅོས་བྱེད། །རྒྱུན་དུ་ཆོས་གོས་རྣམ་གསུམ་ལ། །ཕངས་སེམས་སྐྱེས་ནས་སྒྲིལ་ཏེ་འཇོག །མི་ནག་མགྲོན་པོ་བྱུང་བའི་ཚེ། །མཆོར་གོས་རྣམ་གསུམ་དག་ལ་བྱེད། །འདི་འདྲ་མཐོང་ཚེ་དགོད་རེ་བྲོ། །ལ་ལ་བུ་དང་ཆུང་མ་བྱས། །ཆོས་གོས་ལྷུང་བཟེད་གྱོན་ཁྱེར་ནས། །གདིང་བ་བཏིང་ནས་ཆོས་རྫུ་བྱེད། །རང་གཞན་གཉིས་ཀ་ཅིག་ཅར་བསླུ། ཉམས་མྱོང་ཐོས་པས་ཀུན་ནས་དབེན། བླུན་པོ་གླང་རྒན་འདྲ་བ་དག ཆ་ལུགས་མཛེས་ མཛེས་དོམ་ར་ཅན། །ཞབས་རྟེན་སྐྲ་བཅད་སེར་གཟུགས་བྱས། །དེ་མ་ཐག་ཏུ་ལུས་གནད་བྱེད། །སྙིང་རྗེའི་སྟོང་སྐད་ང་རོ་སྒྲོག །བླ་མར་ངོ་སྤྲོད་ཞུ་ལོ་སྐད། །བླ་མས་ངོ་སྤྲོད་ཡིན་ཟེར་ནས། །ལ་ལ་བློ་རོ་ཚིག་སྐམ་ཤོད། །ལ་ལས་དཔེ་ཆ་བལྟས་པ་ཡི། །དོན་སྤྱི་རྟོག་བཅོས་ཚིག་དོན་ཤོད། །དེ་ལ་སྒོམ་བློ་ཅུང་ཟད་བྱས། །རབ་ལ་གནས་པ་ཅུང་ཟད་སྐྱེས། །དེ་ལ་ཉམས་རྟོགས་བཟང་པོར་བརྩི། །བསྒོམ་འཕྲོ་བཞག་ནས་གྲོང་ཡུལ་རྒྱུ། །དངོས་པོ་ཅུང་ཟད་བྱུང་བ་ན། །སེར་སྣ་ཡི་དྭགས་ལས་ཀྱང་ཆེ། །མི་འདོད་ཅུང་ཟད་བྱུང་བ་ན། །དེ་ལན་ཐབས་ནི་སྣ་ཚོགས་ཀྱིས། །གནོད་པ་གང་འཁྱོལ་ལས་ལ་བརྩོན། །ཆང་དང་བུད་མེད་མཐོང་བ་ན། །འཛུམ་དང་གཏམ་གྱིས་བསུ་བ་བྱེད། །མཁར་རྗེ་དབང་ཐང་དེ་ལ་གཏོད། དེ་འདྲའི་སྒོམ་ཆེན་དགོད་རེ་བྲོ། །རྟོགས་ལྡན ་བཟང་པོ་ཉམས་རེ་དགའ། །དེ་འདྲའི་ཆོས་པ་དག་ལས་ནི། །མི་ནག་སྐྱེ་བོ་དགའ་བ་འདུག །རྟགས་ཙམ་འཛིན་པའི་སེར་གཟུགས་ཀྱིས། །སངས་རྒྱས་བསྟན་ལ་ཕན་ནོ་ཟེར། །དེ་འདྲ་དགོས་པ་ཅན་ལ་དགོངས། །འདི་འདྲའི་སྒོམ་ཆེན་ཅི་ལ་ཕན། །དང་པོ་འཁོར་བའི་ཉེས་དམིགས་གོ །འཇིག་རྟེན་བྱ་བ་ཅོག་གིས་བཞག །ཆོས་ཀྱི་ཕྱོགས་སུ་ལུས་སྲོག་གཏོང་། །ཆོག་ཤེས་བློ་ཐག་རྦད་ཀྱིས་བཅད། །བླ་མ་མཁས་བཙུན་བཟང་གསུམ་བསྟེན། །ཅི་གསུང་གུས་པས་དང་དུ་ལེན། །གང་ཡོད་དམ་པ་དེ་ལ་འབུལ། །སྙན་བརྒྱུད་གདམས་པ་རྒྱ་ཆེན་ཞུས། །ཐོས་པས་ཕྱི་རྒྱ་ཆོད་པར་བྱས། །བླ་མའི་གདམས་པ་གཅེས་སྤྲས་བྱེད། །བར་དུ་བསྒོམས་པས་སེམས་ཐག་ཆོད། །ཆོས་བརྒྱད་བྱ་བ་མ་ལུས་སྤངས། །བྱང་ཆུབ་སེམས་དཔའ་ཀུན་ནས་བླངས། །དམ་ཚིག་སྡོམ་པ་མིག་འབྲས་ལྟར། །ཕྲ་ཞིབ་ལའང་འཛེམ་བྱས་ནས། །ཚེ་འདིའི་བྱ་བ་ཀུན་དོར་ཏེ། །གཙོ་བོར་ལམ་ཟབ་བླ་མ་དང་། །རིམ་གཉིས་ཟབ་མོ་རྩེ་གཅིག་སྒོམ། །རྟག་པར་ཟུང་འཇུག་ངང་ལ་གནས། །རྟོགས་པ་ཡར་ངོའི་ཟླ་ལྟར་འཕེལ། །འཕེལ་ཀྱང་ཁེངས་དྲེགས་མི་བྱེད་ཅིང་། །གཞན་གྱི་ཆོས་པ་མཐོང་བ་ན། །དད་པ་དག་སྣང་ཡུན་རིང་སྒོམ། །འགྲོ་བ་ཀུན་ལ་བུ་ལྟར་བརྩེ། །རྗེས་སུ་བསྔོ་བ་སྨོན་ལམ་དང་། །དྲན་པ་ཡེངས་པ་མེད་པ་དང་། །བསོད་ནམས་ཚོགས་གསོག་དག་ལ་འབད། །དེ་ལ་བྱ་བྲལ་བཟང་པོ་ཟེར། །རང་གཞན་དོན་ནི་འགྲུབ་པར་ངེས། ། ཞེས་སྨྲས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com