ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> རེད་མདའ་བའི་གསུང་ཐོར་བུ་ལས་ཞལ་གདམས་འགའ་ཞིག་ཟུར་དུ་བཀོད་པ་བཞུགས།

རེད་མདའ་བའི་གསུང་ཐོར་བུ་ལས་ཞལ་གདམས་འགའ་ཞིག་ཟུར་དུ་བཀོད་པ་བཞུགས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རེད་མདའ་བ་གཞོན་ནུ་བློ་གྲོས།] [ཟླ་ཚེས། 10-12-09] [ཀློག་གྲངས། ]

          གང་ཞིག་ལེགས་གསུངས་དམ་ཆོས་འདུལ་བ་ལ། ། རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང་། ། ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པའི། ། དགེ་སྦྱོང་འདི་དག་འཇིག་རྟེན་ཆོམ་རྐུན་ཡིན། ། འཁྱོག་པོར་སྨྲ་ལ་གཞན་དག་རླིང་པོར་སེམས། ། ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། ། གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། ། གསོང་པོར་སྨྲ་ལ་ཁོ་བོས་རྟག་ཏུ་བསྟེན། ། འཛེམ་མེད་སྨྲ་ལ་གཞན་དག་སྤོབས་པར་སེམས། ། ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། ། མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། ། ཞི་བའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། ། ཕྱི་ཚུལ་འཆོས་ལ་གཞན་དག་བཙུན་པོར་སེམས། ། གཡོ་རྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། ། ཕ་རོལ་བྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། ། དེས་པའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། ། རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། ། དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། ། བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། ། བག་ཡོད་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། ། བྱ་བྱེད་མང་བ་གཞན་དག་གྲུང་པོར་སེམས། ། རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། ། འདུ་འཛི་བསྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། ། དོན་ཉུང་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། ། ལོངས་སྤྱོད་འབྱོར་བ་གཞན་དག་དཔལ་དུ་སེམས། ། འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། ། ཟིང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། ། ཆོག་ཤེས་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། ། གྲོང་དག་འགྲིམ་པ་གཞན་དག་གདུལ་བྱར་སེམས། ། རྙེད་བཀུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། ། ཁེ་སྤོགས་སྒྲུབ་པ་དགེ་སྦྱོང་ཚུལ་སྤངས་ཏེ། ། བས་མཐའི་གནས་ལ་ཁོ་བོས་རྟག་ཏུ་བསྟེན། ༈ །འཇིག་རྟེན་འདྲེན་པ་ལྷ་མིའི་སྟོན་པ་ཡིས། ། འདོད་ལ་ཞེན་པ་ཁོང་ཁྲོའི་རྩ་བར་བསྟན། ། འདོད་པའི་ཡོན་ཏན་སྡུག་བསྔལ་བསྐྱེད་པ་སྟེ། ། ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན། ། ཇི་ལྟར་མཛེ་ཅན་གཡན་པ་ཕྲུགས་པ་དང་། ། ཚ་བའི་ནད་ཅན་སྲེད་པའི་ཆུ་དང་ནི། ། སྐོམ་པས་ཉེན་པ་ལན་ཚྭའི་ཆུ་འཐུང་བཞིན། ། འདོད་པ་བསྟེན་པས་ནམ་ཡང་ངོམས་མི་འགྱུར། ། དུག་དང་བཅས་པའི་ཁ་ཟས་གཡོས་ལེགས་དང་། ། སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་དང་། ། ཤིང་རྟ་འདྲེན་པའི་ཕྱུགས་ཀྱི་རྩྭ་ཟོས་བཞིན། ། འདོད་པའི་ཡོན་ཏན་མནོག་ཆུང་ཉེས་པ་མང་། ། གླང་ཆེན་དྲི་ལ་ཆགས་པའི་སྦྲང་བུ་དང་། ། རྔོན་པའི་གླུ་དབྱངས་ཉན་པའི་རི་དྭགས་དང་། ། ལྕགས་ཀྱུའི་ཤ་ལ་ཆགས་པའི་ཉ་བཞིན་དུ། ། འདོད་པ་བརྐམ་པའི་བྱིས་པ་མྱུར་དུ་བརླགས། ། ཅེས་གསུངས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com