ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> ཆོས་ལ་འཇུག་པའི་གོ་རིམ་ཞེས་བྱ་བ་བཞུགས་སོ།

ཆོས་ལ་འཇུག་པའི་གོ་རིམ་ཞེས་བྱ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ས་སྐྱ་བསོད་ནམས་རྩེ་མོ།] [ཟླ་ཚེས། 10-12-06] [ཀློག་གྲངས། ]

          ཆོས་ལ་འཇུག་པའི་གོ་རིམ་ཞེས་བྱ་བ་བཞུགས་སོ།། ཆོས་ལ་འཇུག་པའི་གོ་རིམ་ནི། ཐོག་མ་ཉིད་དུ་སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་ནས་དེ་ སྤོང་བར་འདོད་ཅིང་བདེ་བའི་གནས་ཐོབ་པར་འདོད་པའི་དད་པ་སྔོན་དུ་འགྲོ་བའོ། ། དད་པ་མེད་པར་ཆོས་ལ་འཇུག་པ་མེད་པས་ན་དང་བའི་དད་པ་ལ་སོགས་པའི་དད་པ་གང་རུང་གཅིག་གིས་སྔོན་དུ་འགྲོ་བར་བྱེད་དེ། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། ། དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། ། དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། ། ཞེས་བྱ་བ་ལ་སོགས་པ་དཀོན་མཆོག་ སྒྲོལ་མ་ལས་གསུངས་སོ། ། དེ་ལྟར་དད་པས་བསྐུལ་ཏེ་བསླབ་པའི་གཞི་འཛིན་ནོ། ། བསླབ་པ་ལ་གནས་པས་མང་དུ་ཐོས་པར་བྱེད་དོ། ། མང་དུ་ཐོས་པས་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་ཤེས་པར་བྱས་ནས་སྒོམ་པ་ལ་སྦྱོར་རོ། ། ཞེས་དང་། སྡུག་བསྔལ་བྲལ་བར་ འདོད་པ་ཡིས། ། ཆོས་ཀྱི་གཞུང་ལ་འཇུག་པར་བྱེད། ། དེ་ཡི་རབ་ཏུ་དབྱེ་ཤེས་པས། ། གང་དག་བླང་དང་དོར་བ་ཤེས། ། བྱེ་བྲག་བདེ་གཤེགས་ཆོས་རྣམ་བཞག །ལམ་ལ་རིམ་བཞིན་མ་ ནོར་འཇུག །དེ་ལྟའི་བློ་ཡིས་བཤེས་གཉེན་བཙལ། ། དེ་ལས་ཐམས་ཅད་འབྱུང་བར་འགྱུར། ། དེ་ལས་ཐོས་པའི་བློ་གྲོས་ཀྱི། ། ག་གི་བདག་ཉིད་ཤེས་པར་འགྱུར། ། ཕན་ཡོན་གྱི་ནི་དེ་དག་ལ། ། སྤྲོ་ཕྱིར་ཐོག་མར་དེ་དག་བརྗོད། །ཅེས་གསུངས་སོ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com