ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> རྩོམ་རིག >> ངེས་དོན་གྱི་ཉི་མ།

ངེས་དོན་གྱི་ཉི་མ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། འཇིགས་མེད་ཐེག་མཆོག །] [ཟླ་ཚེས། 10-05-26] [ཀློག་གྲངས། ]

རྒྱ་ཁྱོན་གྱིས་ཡོངས་སུ་བཏང་བའི་ཆོས་དབྱིངས་ནམ་མཁའི་མཐོངས་ཤེད་ན།སྤྲིན་དཀར་གྱི་བླ་བྲེས་དང་འཇའ་ཚོན་གྱི་གུར་ཁང་དང་བཅས་པའི་སྣང་བའི་བདག་པོ་ཞིག་ཡོད་པ་ནི་འཇིག་རྟེན་གྱི་སྒྲོན་མེ་ལགས། ཁྱེད་ཀྱི་བཀའ་དྲིན་གནམ་སྔོན་པོས་ཀྱང་མི་ཁེབས་ལ། ས་དོག་མོས་ཀྱང་མི་ཐེག ཁྱོད་འཛམ་གླིང་གི་མིག་ཡིན་པར་མ་ཟད། འཇིག་རྟེན་གྱི་རྒྱན་ཡིན་ལ། ཕྱི་ནང་ཀུན་གསལ་གྱི་གཟི་བརྗིད་དང་ཡོན་ཏན་གྱིས་བླ་མེད་འོད་ཟེར་གྱི་བདག་པོར་གྱུར་བ་རེད། མཚན་གུང་གི་པད་གཞོན་ཆུན་པོ་རྣམས་ཀྱི་མགོ་ལྕོག་ནང་དུ་དུད། འདབ་མ་སྙིང་ཁར་སུམ། སྐྱི་བསེར་རླུང་གིས་ཡོམ་ཡོམ་བྱེད་བཞིན་པའི་སྐབས་ཤིག་ན། གློ་བུར་ཆར་སྤྲིན་གྱི་གསེབ་ནས་རབ་རིབ་མག་མོག་གི་སྐར་མའི་འཚང་ཀ་ཤིག་ཤིག་བྱེད་པ་དང་ཆབས་ཅིག རྡོ་དང་གཟེགས་མའི་གྲམ་རྣམས་སུ་ཨུཏྤལ་གྱི་ཕོན་པོ་འགའ་ལ་འཛུམ་གྱི་འདབ་མ་ནི་གྲོལ། སྨིན་པའི་ཁ་མཆུ་ནི་བརྡོལ། དགའ་བའི་ཡལ་ག་ནི་ས་ལ་སྣུན་བཞིན་གེ་སེར་གྱི་མགྲོན་པོ་བསུ་བའི་ཆོ་ག་དང་རྣམ་འགྱུར་ཅི་ཡང་བྱེད་པ་གཟུགས་་འཛིན་གྱི་བུ་དང་། སྒྲ་འཛིན་གྱི་བུ་མོ་དག་ལ་མངོན་པར་གྱུར་ཏོ།། ཨེ་མ་འཇིག་རྟེན་གྱི་ཁམས། ཨུཏྤལ་གྱི་ཕོན་པོ་འདི་རྣམས་སྙིང་རེ་རྗེ། ད་དུང་རང་ཉི་མའི་དྲོད་སྣང་གིས་རྒྱས་པ་ངོ་མ་ཤེས་པར་མ་ཟད། གཟའ་དང་རྒྱུ་སྐར་གྱི་རང་འོད་དག་ཀྱང་གང་ལས་བྱུང་བར་བློ་ཁ་ཙམ་ཡང་ཕྱོགས་མེད་པར་ངེས།ག་བུར་བདུད་རྩིའི་ཐིགས་པ་རེ་རེའི་ནང་དུ་ཉི་མའི་དྲོད་སྣང་འཁྱིལ་བ་མི་མཐོང་བའི་ཕྱི་ཤུན་མཐུག་པོ་ཞིག་མནབས་ཡོད་པ་ཡིན་ན། ནམ་ཞིག་རྐང་འཐུང་ཐ་མའི་གྲལ་མཇུག་འགྲིམ་པའི་སྐལ་བ་སྦམ་མཐོ་བ་དེ་བཞེས་མི་དགོས་ཨང་། སྐྱ་རེངས་དཀར་མོའི་ཕོ་ཉ་ནི་སྔོན་ལ་སླེབས། རྟ་ལྗང་ཤིང་རྟའི་འཁོར་སྒྲ་ཉེ་བར་ཐོས། སྔོ་བསངས་མཛེས་མས་གོས་སྔོན་གྱི་གདུགས་དཀར་འཛིན་ལ། ནོར་ལྡན་དབང་མོས་མཆོད་ཚོགས་ཀྱི་སྡེར་ཁ་སྒྲིག གཉིད་དུ་ཡུར་བའི་སྐྱེ་བོ་དག་གིས་ད་དུང་མ་ཚོར་བ་ཡིན་ནམ། བྱ་ཕོས་སྐད་འདོན་པ་མ་ཟད་གཤོག་རྡེབ་བྱེད། བྱི་བ་དང་འུག་པ་ཚོ་ཁུང་བུ་གཏིང་རིང་འཛུལ་ཟིན།བྱ་རྒྱལ་ཁྱུང་ཆེན་གྱིས་ཀྱང་གསེར་མིག་ཤར་རིའི་རྩེ་ལ་གཏོད། མགྲོན་པོ་རྣམས་རང་ལམ་ལ་བུད་འདུག་པས། སྐར་ཚོགས་རྣམས་ཇི་ལྟར་སྡོད། ནམ་ལངས་པར་མ་ཟད་་ཉི་ཤར་གྱི་མགོ་འཛུགས་རན་སོང་། ཡིན་ནའང་། དེ་ལྟར་ཡང་། མྱ་ངན་མེད་དང་བ་ཀུ་ལ་ལ་སོགས་པའི་རིགས་འགའ་ཞིག་གཞན་གྱིས་རྐང་བརྫུས་དང་མཆིལ་ཞགས་མ་བཏབ་བར་དུ་བཞད་མི་སྲིད་མོད། ཁོ་ཚོ་ལ་སྨྱུག་མ་བུ་གསོད་དང་། ལྕང་མ་མི་འཛིན་གྱི་བློ་ཁོག་ཀྱང་མེད་པ་གཞན་གྱིས་ཤེས་མི་ནུས། ཁ་སང་འདབ་སྟོང་དུ་རྒོད་པའི་པད་ཚལ་མདང་དགོང་མལ་དུ་འཁུམས་པར་གྱུར་པས་ཞུམ་མི་སྲིད་པར་སང་ཉིན་གྱི་དགའ་སྟོན་མྱོང་ངེས་ནའང་། ཉིན་མོ་རེའི་མཇུག་ན་མཚན་མོ་རེ་དང་། དགུན་ཁའི་ནམ་ཚད་རིང་མོ་ཟློག་མེད་དུ་འབྱུང་བ་ནི་ང་ཚོ་ཉི་མའི་གཉེན་ལ་དུས་མཇུག་ཏུ་ཐོབ་པའི་སྐལ་བ་མིན་མོད། འོན་ཀྱང་ངའི་ཕ་ཁྱིམ་དཔལ་གོས་ཀྱི་ཁོར་ཡུག་དང་བཅས་པ་ལ་འཁོར་བའི་བུང་བ་རྣམས་ནི་གཡུ་ཡི་མགྲོན་པོ་རང་ཡིན། གསེར་རིའི་ཁྲོམ་ཚོགས་ཀྱི་རྒྱན་ལ་འདི་ལས་གཞན་མེད། ཚུལ་འདི་ཚད་བརྒྱད་ཁྲིའི་བར་གྱི་བསྐལ་པས་མི་སྒྲིབ་པར་སྙན་དུ་གསོལ་བར་དགོངས་པར་མཛོད་ཅིག དགྱེས་པའི་འཛུམ་ཟེར་གྱི་འོད་སྣང་ཆར་དུ་སྙིལ་ཅིག བཅུ་གཉིས་བདག་པོ་ལགས། འཇིག་རྟེན་ན་དཔྱིད་ཀྱི་དཔལ་ཡོན་ཟེར་བ་དེ་ཁྱེད་ཀྱི་གཟི་བྱིན་ཡིན་པར་མ་ཟད། དབྱར་གྱི་ལང་ཚོ་དང་སྟོན་གྱི་འབྲས་བཟང་རྣམས་ཀྱང་ཁྱོད་ཀྱི་ཐུགས་རྗེ་ཡིན། གངྒྰའི་ཡབ་ཀྱང་ཁྱོད་དང་བྲལ་ན་འཁྱག་རོམ་གྱི་ཕུང་བོར་འགྱུར་ཞིང་། དཔག་བསམ་གྱི་ལྗོན་པ་ཡང་ཁྱོད་མེད་ཚེ་སྟར་གོག་སྐམ་པོེར་འགྲོ་ཚེགས་མི་འདུག དེ་ཕྱིར་ཉལ་འགྲོ་བུ་མོས་ལྷུང་ལྷུང་གི་གླུ་དབྱངས་ལེན་པ་ཡང་ཁྱོད་ལ་བསྟོད་པ་དང་། མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་པ་ཡང་ཁྱོད་ལ་གུས་འདུད་ཞུ་བ་ཡིན། སྟོད་ཀྱི་གངས་དཀར་ལྷུན་པོའི་འཛུམ་རིས་དང་། བར་གྱི་རྩ་ཐང་སྔོན་མོའི་མཛེས་ཁྱད། སྨད་ཀྱི་རྒྱ་མཚོ་ཆེན་པོའི་འཁྱིལ་ཚུགས་རྣམས་ཀྱང་ཁྱོད་ལ་ལྟོས་པ་ཅན་ཁོ་ན་རེག ཁྱོད་ལ་འཆར་ནུབ་འཕེལ་འགྲིབ་ཀྱི་མིང་ཙམ་མེད་མོད་ཀྱང། པདྨའི་མིག་ལ་འཁྲུལ་རྒྱུས་སྣང་བ་ནི་དགུང་ཁར་ནུབ་རིའི་ཕང་བར་གཟིམས་པ་དང་། ནངས་པར་ཤར་རིའི་རྩེ་ནས་བཞེངས་པ་དེ་རེད། འོན་ཀྱང་ཁྱོད་ནི་ལྷུན་པོའི་ཕྲག་པ་ནས་གཡས་བསྐོར་གྱིས་གླིང་བཞི་གླིང་ཕྲན་དང་བཅས་པར་དགྱེས་ཞལ་ཁྱད་མེད་དུ་སྟོན་མཁན་ཞིག་དང་། དཀར་ནག་མཉམ་བསྲེས་ཀྱི་ལང་ཚོས་མངོན་པར་རྒྱས་པའི་ཟླ་བ་རྒྱུ་སྐར་ཀྱི་ཚོགས་ལ་རང་མདངས་ངོམ་པའི་སྐབས་དབྱེ་བར་མཛད་པའི་ཐབས་ཤེས་དགོངས་པ་ཅན། སང་ནངས་པར་མཚམས་སྤྲིན་འཆར་ཀའི་ལང་ཚོ་དཔལ་འབར་བའི་གཟི་བྱིན་དར་ལ་བབ་པ་ཞིག་འབྱོན་པའི་དགོས་པ་སོགས་མ་ཤེས་པར་ཟད་ཀྱི། པད་དཀར་རྣམ་པར་རྒྱས་པའི་དགའ་ཚལ་ཞིག་ཡིན་ཚེ། རྩ་བ་དང་སྡོང་བུ། ཡལ་ག་དང་ལོ་མ།མེ་ཏོག་དང་འབྲས་བུ་སོགས་ཁྱོད་དང་མཛའ་བར་འཐམས་པའི་དགེ་མཚན་གྱི་རི་མོ་ཆུ་བུར་ལྟ་བུའི་མེ་ལོང་དུ་ཤར་མི་ནུས་པ་མིན་ལ། ཕྲ་མཐོང་མེ་ཤེལ་དང་། རྒྱང་མཐོང་མེ་ལོང་སོགས་ཀྱི་ངོགས་ན་དེ་བས་ཀྱང་ངོ་མཚར་བའི་ལྟད་མོ་ཆེ་བ་ལགས། བདེ་སྐྱིད་ཀྱི་རྩ་ལག་རིན་པོ་ཆེ།ལྷུན་པོ་ནས་གསེར་རི་རོལ་མཚོ་དང་། དེ་ནས་ཁོར་ཡུག་ལྕགས་ཀྱི་མུ་ཁྱུད་བར། ཡང་ན་འཛམ་པའི་རྐང་འཐུང་དཔག་བསམ་གྱི་ལྗོན་པ་ནས་ཤལ་མ་ལའི་ནགས་ཚལ་བར། ཏེ་སེ་ལྷུན་པོ་ནས་བྱིངས་ཆུ་གཏེར་གྱི་མཐའ་ལ་ཐུག་གི་བར་དུ་ཁྱོད་ཀྱི་འོད་སྣང་ཉམས་མི་སྲིད། འོད་སྟོང་འབར་བའི་གཟི་བརྗིད། ཉེ་རིང་མེད་པའི་སྣང་བ། དུས་ལས་མི་ཡོལ་བའི་ཕེབས་འགྲོས་སོགས་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱལ་བའི་གྲགས་སྙན་གཡུ་འབྲུག་སྔོན་མོས་སྒྲོགས་པ་ལ་གསོན་གཟིགས་དང་། ནམ་མཁའ་འགྱུར་ཡང་སྲིད། ས་གཞི་འཁྲུགས་ཀྱང་རུང་། འདབ་བརྒྱ་བའི་ནགས་ཀླུང་ལ་ནོར་བུ་དང་། གློག་གི་འོད་སྣང་གིས་ཞེ་ནམ་ཡང་མི་ཚིམ། བློ་ཀུན་ནས་མི་ཁེངས།ཉམ་ཆུང་བའི་དྲི་བཟང་ཁང་རྣམས་ནི་གསེར་དངུལ་གྱི་པདྨ་ལྟར་རིན་ཐང་མི་ཆེ་མོད། འོད་སྟོང་བདག་པོའི་གཟི་བྱིན་ཕྱིའི་རང་མདངས་ཙམ་མ་ཡིན་པར་སྙིང་གི་གེ་སར་ལ་སྨིན་པའི་གསོས་སུ་བསྟེན་ནས་རང་མཉམ་བུང་བུའི་ཚོགས་ཀྱི་ཉེར་འཚོར་བཞད་པ་ལ་ཕྱི་གཙང་ནང་གཙང་གི་ལྷག་བསམ་གངས་རིའི་དཔལ་ལ་འགྲན་པས་ལགས་ན། རེ་བའི་མིག་འབུར་གཏོད་ས་ཁྱོད་ནའོ།།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com