ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ནང་བསྟན། >> བ་སོ་སྤྲུལ་མིང་བས་རྗེ་ལྕང་སྐྱར་ཕུལ་བའི་ཉམས་མགུར་དད་ལྗོན་དང་མི་རྟག་བསྐུལ་འདེབས་བཅས་བཞུགས་སོ། །

བ་སོ་སྤྲུལ་མིང་བས་རྗེ་ལྕང་སྐྱར་ཕུལ་བའི་ཉམས་མགུར་དད་ལྗོན་དང་མི་རྟག་བསྐུལ་འདེབས་བཅས་བཞུགས་སོ། །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྟ་ཚག་ཡེ་ཤེས་བློ་བཟང་བསྟན་མགོན།] [ཟླ་ཚེས། 11-11-14] [ཀློག་གྲངས། ]

            ༄༅། ། མཆོག་རྒྱལ་བ་ཀུན་གྱི་འདུས་བདག་ཉིད། ། མགོན་རྡོ་རྗེ་འཆང་དང་དབྱེར་མེད་པའི། ། སྐྱབས་བསླུ་བ་མེད་པའི་རིན་པོ་ཆེ། ། ཕ་རོལ་པའི་རྡོ་རྗེའི་ཞབས་དྲུང་དུ། ། ཆེས་ཤུལ་ཐག་རིང་བའི་ཡུལ་གྲུ་ནས། ། དུས་ཀུན་ཏུ་ཐུགས་རྗེས་བསྐྱངས་པ་ཡི། ། འབངས་ཆོས་མེད་བྷུ་སུ་ཀུ་པ་ཡིས། ། དོན་མཐར་ཐུག་ཞུ་མཆིད་འདི་ལྟར་འབུལ། ། སྔོན་བསགས་པའི་ལས་དབང་བཙན་པོ་ཡིས། ། ན་ཕྲ་མོའི་དུས་ནས་ས་མཐར་འཁྱར། ། རྗེ་བླ་མ་ཁྱེད་ཀྱིས་བརྩེ་བས་བསྐྱངས། ། དེ་བསམ་བཞིན་ཁྱོད་དྲིན་ཡང་ཡང་དྲན། ། དུས་ལ་ལར་ཁྱོད་སྐུ་ཡིད་མཚོ་རུ། ། འཆར་ཆེས་ཚེ་རླབས་ཕྲེང་གཡོ་བ་ཡི། ། མིག་མཆི་མའི་ཆུ་རྒྱུན་བབ་པ་འདི། ། མགོན་ཁྱོད་ལ་མཆོད་ཡོན་ཚུལ་དུ་འབུལ། ། དུས་རེས་འགའ་ཁྱོད་མཚན་དྲན་པ་ཡིས། ། ཡིད་གདུང་བས་གསོལ་འདེབས་འོ་དོད་ཀྱིས། ། མཚན་ཡང་ཡང་བོས་པའི་ང་རོ་འདི། ། མགོན་ཁྱོད་ལ་རོལ་མོའི་ཚུལ་དུ་འབུལ། ། སྐྱབས་རྒྱལ་བའི་འདུས་ཞལ་ཁྱེད་ཉིད་ཀྱི། ། མཆོག་ཡེ་ཤེས་གཟིགས་ངོ་རྣམ་དག་པར། ། ཡུལ་ཤུལ་ཐག་རིང་ཐུང་མ་མཆིས་པས། ། དུས་རྒྱུན་དུ་ཐུགས་རྗེས་བཟུང་དུ་གསོལ། ། མགོན་མཆོག་གྱུར་བླ་མ་རྡོ་རྗེ་འཆང་། ། དུས་རྒྱུན་དུ་བརྩེ་བས་རྗེས་བཟུང་ཞུ། ། མཆོག་སངས་རྒྱས་གོ་འཕང་མ་ཐོབ་བར། ། རེ་གཞན་ན་མེད་དོ་ཡུན་དུ་སྐྱོངས། ། གཞི་འདི་ནས་རྒྱལ་བའི་གོ་འཕང་བར། ། གཏན་བདེ་བ་ཐམས་ཅད་བླ་མ་ལ། ། རག་ལས་པར་གོ་ཡང་སངས་རྒྱས་སུ། ། བློས་ཐག་ཆོད་མ་བྱས་ཅུང་ཟད་འགྱོད། ། དད་འགྱུར་མེད་སྐྱེ་བར་བྱིན་གྱིས་རློབས། ། ཆོས་བཅོ་བརྒྱད་ལྡན་པའི་དལ་འབྱོར་རྟེན། ། ཆེས་རྙེད་པར་དཀའ་བ་གོ་ན་ཡང་། ། དུས་མྱུར་དུ་འཇིག་ཚུལ་མ་བསྒོམས་པས། ། རྟེན་བཟང་པོ་ཆུད་ཟོས་བྱས་པས་འགྱོད། ། ཕྱིས་སྙིང་པོ་ལེན་པར་བྱིན་གྱིས་རློབས། ། ཚེ་འདི་ནས་ཕྱི་མར་འཕོ་ངེས་ཤིང་། ། ལས་དཀར་ནག་རྗེས་འབྲང་གོ་ལགས་ཀྱང་། ། དེ་སྐྱོབས་པའི་སྐྱབས་འགྲོ་ལས་འབྲས་རྣམས། ། རྣམ་གཡེངས་ཀྱི་དབང་དུ་སོང་བས་འགྱོད། ། སྐྱབས་མ་ནོར་བསྟེན་པར་བྱིན་གྱིས་རློབས། ། ལར་ངན་སོང་ཐར་ཀྱང་མཐར་ཐུག་གི ། བཙན་ས་ཞིག་མ་ཟིན་འཁོར་བ་འདིར། ། སླར་སྡུག་བསྔལ་མྱོང་བར་གོ་ལགས་ཀྱང་། ། ལྷ་མི་ཡི་བདེ་ལ་སྨོན་པས་འགྱོད། ། ལམ་བཙན་ས་ཟིན་པར་བྱིན་གྱིས་རློབས། ། ཁམས་གསུམ་གྱིས་བསྡུས་པའི་འགྲོ་ཀུན་གྱིས། ། མ་མ་བྱས་གཅིག་ཀྱང་མེད་པ་དང་། ། དུས་ཡང་ཡང་བསྐྱངས་བར་གོ་ལགས་ཀྱང་། ། རང་ཁོ་ན་ཐར་འདོད་བྱས་པས་འགྱོད། ། མཆོག་སེམས་མཆོག་སྐྱེ་བར་བྱིན་གྱིས་རློབས། ། ཕྱིན་དྲུག་དང་བསྡུ་བཞི་ལ་སོགས་པ། ། རྒྱལ་སྲས་ས་ལ་སློབ་རྣམས་ལ། ། མེད་མི་རུང་དགོས་པར་གོ་ལགས་ཀྱང་། ། དོན་རྣ་ཐོས་ཙམ་དུ་ལུས་པས་འགྱོད། ། ལམ་རྒྱ་ཆེར་འཇུག་པར་བྱིན་གྱིས་རློབས། ། ཆོས་གང་ཡང་བདེན་པར་གྲུབ་པ་ནི། ། རྡུལ་ཙམ་ཡང་མེད་ཅེས་ཐུབ་པ་ཡིས། ། བཀའ་མདོ་སྔགས་གསུངས་པར་གོ་ལགས་ཀྱང་། ། ཡིད་མཐའ་གཉིས་ལྷུང་དོགས་ཆེ་སེ་འགྱོད། ། གཤིས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ། ཆེས་ཟབ་གསང་རྡོ་རྗེ་ཐེག་པ་ཡིས། ། དུས་བསྐལ་པར་མི་འགོར་ཚེ་གཅིག་ལ། ། མཆོག་སྐུ་བཞི་འགྲུབ་པར་གོ་ལགས་ཀྱང་། ། སྲོག་བསྡོས་ནས་དམ་སྡོམ་མ་བསྲུངས་འགྱོད། ། དད་དམ་ཚིག་གཙང་བར་བྱིན་གྱིས་རློབས། ། ལམ་རིམ་པ་གཉིས་ཀྱིས་རྣལ་འབྱོར་གྱིས། ། ཚེ་འདི་ལ་ཆོས་སྐུའི་གོ་འཕང་ཆེ། ། ཆེས་སྔ་བར་ཐོབ་པ་གོ་ལགས་ཀྱང་། ། ལམ་སྒྲ་སྤྱི་ཙམ་དུ་ལུས་པས་འགྱོད། ། རིམ་གཉིས་ལ་བརྩོན་པར་བྱིན་གྱིས་རློབས། ། དཔལ་དབང་ཕྱུག་བརྒྱད་དང་ལྡན་པ་ཡི། ། མགོན་རྡོ་རྗེ་འཆང་གི་གོ་འཕང་དེ། ། མཐར་ཐུག་གི་ཐོབ་ཕྱིར་གོ་ལགས་ཀྱང་། ། འབྲས་ཡིད་སྨོན་ཙམ་དུ་ལུས་པས་འགྱོད། ། མཆོག་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། ། དོན་མདོ་རུ་བསྡུས་ན་འདི་ལྟར་ཞུ། ། གཞི་སོ་ཐར་གྱི་ཞིང་ས་གཙང་བ་དང་། ། ལམ་མདོ་སྔགས་མཐའ་རུ་ཕྱིན་པ་དང་། ། འབྲས་སྐུ་བཞི་འགྲུབ་པར་བྱིན་གྱིས་རློབས། ། ཚེ་འདི་ཕྱི་གཉིས་དང་བར་དོ་གསུམ། ། དུས་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་། ། ཕ་བླ་མ་རྡོ་རྗེ་འཆང་དངོས་ལས། ། སྐྱབས་གཞན་འཚོལ་མེད་དོ་བླ་མ་མཁྱེན། ། སྤྲང་ཉིད་སྐུ་དྲན་པའི་གདུང་བ་ཡིས། ། མཚན་ལྷང་ལྷང་འོ་དོད་ནམ་བོས་ཚེ། ། ཐུགས་བརྩེ་ཆེན་རྒྱ་མཚོ་ཆེར་གཡོས་ནས། ། མཆོག་ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། ། ཆོས་རྣམ་དཀར་སྒྲུབ་ལ་བར་གཅོད་པའི། ། གདོན་ནད་མཚོན་རིམས་དུག་ཅི་བྱུང་ཡང་། ། མགོན་ཁྱོད་ལ་ང་རོས་བོས་པའི་ཚེ། ། བགེགས་ལོག་འདྲེན་མ་ལུས་གཞོམ་དུ་གསོལ། ། སྐྱབས་རྒྱལ་བའི་རང་གཟུགས་བླ་མ་རྗེ། ། ཁྱོད་ཐུགས་ལ་ཉེ་རིང་མི་མངའ་བས། ། ལེགས་གསུང་གི་བདུད་རྩིའི་ཆུ་རྒྱུན་གྱིས། ། འབངས་ཡིད་ཀྱི་ཟུག་རྔུ་ཞི་བར་མཛོད། ། ཞེས་ཆེས་ཆེར་སྐྱོ་བའི་གདུང་དབྱངས་ཀྱིས། ། གདོང་མཆི་མས་བརླན་བཞིན་གསོལ་བ་འདི། ། ཐུགས་ཆོས་ཀློང་ཆེན་པོར་ལེགས་བཞུགས་ནས། ། སྤྲང་སྐྱེ་ཀུན་འདོར་མེད་རྗེས་འཛིན་ཞུ། ། མགོན་ཁྱོད་ལ་སངས་རྒྱས་འདུ་ཤེས་ལས། ། དད་ལོག་གི་གོ་སྐབས་ཡོད་སྲིད་ན། ། མགོ་ཨརྫ་ཀ་ཡི་དོག་པ་བཞིན། ། ཕྱོགས་བཞི་རུ་ཞིག་པར་གྱུར་ཅིག་གུ ། རྟེན་ཟང་ཟིང་དངོས་པོ་མ་མཆིས་ཀྱང་། ། སྡིག་སྡུག་བསྔལ་གཞན་བདེ་དང་དགེ ། བདག་གཞན་གྱིས་དུས་ཀུན་བསགས་པ་རྣམས། ། བློས་བསླང་སྟེ་འབུལ་ལོ་ཞབས་བརྟན་བཞུགས། ། དུས་སྙིགས་མར་སྐྱེས་ཤིང་བྱ་བྱེད་མང་། ། ལས་དགེ་སྡིག་དབྱེ་བ་ཅུང་ཤེས་ཀྱང་། ། དུས་ཕལ་ཆེར་ལེ་ལེའི་དབང་དུ་སོང་། ། འགྱོད་ནོངས་པ་ཐམས་ཅད་ཁྱོད་ལ་བཤགས། ། གཏམ་འདི་དང་གཞན་ཡང་དུས་གསུམ་གྱི། ། ཆོས་མཐུན་གྱི་བྱ་བ་གང་བགྱིས་རྣམས། ། དུང་ཀུནྡ་ལྟར་དཀར་ཅི་བསགས་པ། ། རྗེ་བླ་མ་དགྱེས་པའི་རྒྱུ་རུ་བསྔོ། ། སྤྲང་མོས་གུས་ལྡན་པའི་བདེན་པ་དང་། ། ཕ་བདག་ལ་བརྩེ་བའི་རྟེན་འབྲེལ་གྱིས། ། མཆིད་འདི་ཡང་དགྲ་ཇག་ཆུ་འཕྲང་གིས། ། རྐྱེན་མེད་པར་ཕྱག་ཏུ་འབྱོར་གྱུར་ཅིག ། དཔལ་ཡེ་ཤེས་མགོན་དང་ཆོས་ཀྱི་རྒྱལ། ། མ་འདོད་ཁམས་མ་དང་ཐིག་ལེ་རྩལ། ། བདག་བླ་མས་རྗེས་སུ་འཛིན་པ་ལ། ། གདོན་གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། ། ཡུལ་འདི་ནས་མ་ཧཱ་ཙི་ནའི་བར། ། ལམ་ཆུ་འཕྲང་བསྲུང་བའི་ལྷ་མ་སྲིན། ། མི་མི་མིན་འབྱུང་པོའི་ཚོགས་ཀྱིས་ཀྱང་། ། མཆིད་འདི་ཉིད་ཉམས་མེད་འབྱོར་བར་མཛོད། ། ཡུལ་མ་ཧཱ་ཙི་ནའི་དགྲ་ལྷ་ཆེ། ། ཀྭན་ལོ་ཡེ་རྒྱལ་བོ་ཆེན་པོས་ཀྱང་། ། དཔོན་སློབ་ཀྱི་འབྲེལ་བ་ལ་གཟིགས་པས། ། བཀའ་ཞུ་མཆིད་འགྲོ་འོང་བསྲུང་སྐྱོབ་མཛོད།།           ཅེས་པ་འདི་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལྕང་སྐྱ་རོལ་བའི་རྡོ་རྗེ་དེ་ཉིད་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས་མོས་གུས་ཚད་མེད་པ་དང་བཅས་ཏེ་གདུང་དབྱངས་གསོལ་འདེབས་སུ་ཕུལ་པ་འདི་ནི་མགོན་པོ་དེ་ཉིད་ལ་མི་ཕྱེད་པའི་དད་པས་འཚོ་བ་རྟ་ཚག་སྤྲུལ་མིང་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་ཆུ་ཕོ་སྟག་ལོའི་ནང་དུ་དཔལ་ལྡན་འབྲས་སྤུངས་སུ་སྦྱར་བའོ།། །།
         ན་མོ་གུ་རུ། མཆོག་དུས་གསུམ་རྒྱལ་ཀུན་འདུས་ཞབས་རྗེ། ། སྐྱབས་རྡོ་རྗེ་འཛིན་དང་དབྱེར་མེད་པའི། ། ཕ་དྲིན་ཆེན་རོལ་པའི་རྡོ་རྗེ་ལ། ། བདག་མོས་གུས་གདུང་བས་གསོལ་བ་འདེབས། ། དུས་སྙིགས་མའི་མཐར་ཐུག་ལྔ་བདོ་འདིར། ། རང་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཀྱང་། ། ཚེ་འདི་སྣང་འཁྲི་བ་མ་ཆོད་པས། ། དགྲ་ཉོན་མོངས་དུཿཁ་རྒྱུན་དུ་འབར། ། སྔོན་ཐོག་མ་མེད་ནས་ད་ལྟའི་བར། ། མཐོ་སྲིད་པའི་རྩེ་ནས་མནར་མེད་བར། ། དུས་རྒྱུན་ཆད་མེད་པར་འཁོར་ནའང། ། སླར་ད་དུང་འཁོར་བར་གཞན་ལས་བྲོད། ། ད་རང་མགོ་རང་གིས་མ་བསྐོར་བར། ། ཕྱོགས་ཀུན་ཏུ་བལྟོས་དང་ལྟད་མོ་མཚར། ། ཁོང་མེ་ཏོག་གསར་པའི་ངང་ཚུལ་དེ། ། ཆོས་སྣོད་བཅུད་ཀུན་ལ་རང་དབང་བསྒྱུར།། དབྱར་སྐྱེས་པའི་གཡུ་འོད་ལོ་འདབ་དེ། ། སྟོན་སེར་བུས་ས་ལ་ཆར་བཞིན་འབེབས། ། དགུན་སྡོང་རྒན་ཤ་བའི་རྭ་བཅུ་འདྲ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། དཔྱིད་གངས་རྒན་ཞུ་བའི་ཆུ་བོའི་རྒྱུན། ། ས་ལུང་པ་འོབས་ཀྱིས་འདྲེན་ནོ་སྐད། ། དགུན་འཁྱག་པའི་འོག་ཏུ་ཡིབ་ཅིང་འབབ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། བྱང་སྐྱི་སེར་རླུང་གི་བརྟུལ་ཞུགས་ཀྱིས། ། རི་ལུང་གསུམ་ཐལ་བ་གནམ་ལ་གཏོར། ། སང་མི་སྡོད་ཉི་མ་མེ་ལས་ཚ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། བྱ་གསུང་སྙན་འདབ་ཆགས་ཁུ་བྱུག་ཁོང་། ། སོས་ཟླ་གསུམ་ཤིང་རྩེར་གསུང་སྙན་བསྒྱུར། ། དུས་དེང་སང་ལྷོ་རོང་ནགས་གསེབ་འགྲིམ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། སྤྲིན་དམར་ནག་ཁྲོ་བོའི་གདོང་འདྲ་བ། །། གློག་དམར་པོའི་སྐེ་རགས་བཅིངས་པ་ཡང་། ། རླུང་སེར་བུས་བྱ་སྒྲོ་བཞིན་དུ་བདས། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། ས་སྤང་ལྗོངས་ཁོད་སྙོམས་ཉམས་དགའ་བ། ། དེ་ཆུ་རྒྱུན་གཅིག་གིས་གཅོང་རོང་བཟོས། ། རྡོ་ཕ་བོང་རྣམས་ཀྱིས་གཏན་ཡུལ་བྱས། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། རི་རང་རོང་ཅན་གྱི་འཛམ་གླིང་འདི། ། སླར་རྗེ་བཙུན་བྱམས་པ་བྱོན་པ་ན། ། གཞི་ཁོད་སྙོམས་ལག་མཐིལ་ལྟ་བུར་འགྲོ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། གླིང་གླིང་ཕྲན་རྒྱ་མཚོར་བཅས་པ་འདི། ། རྐྱེན་གང་གིས་མི་འཇིགས་རྟག་མདོག་ཅན། ། དེ་དུས་མཐའི་མེ་ལྕེ་གཅིག་གིས་བསྲེགས། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། མཆོག་སྐྱོན་ཟད་ཡོན་ཏན་ཀུན་གྱིས་གཏེར། ། སྐྱབས་མཉམ་མེད་བུ་རམ་ཤིང་པ་དེ། ། དུས་དེང་སང་བྱུང་བའི་རྗེས་ཤུལ་ཙམ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། དཔལ་གྲུབ་བརྙེས་ས་ར་ཧ་པ་དེ། ། འཆི་མེད་ཀྱི་རིག་འཛིན་སྐུ་བརྙེས་སྐད། ། དུས་དེང་སང་མཐོང་བའི་ཡུལ་དུ་མེད། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། ལར་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཙམ། ། འགྲོ་དཔག་མེད་ཐར་ལམ་འཁྲིད་ཅིང་གཤེགས། ། དུས་དེང་སང་རྣམ་ཐར་རྣ་ཐོས་ཙམ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། དཔལ་མཉམ་མེད་རྗེ་བཙུན་ཙོང་ཁ་པས། ། ཆོས་དྲི་མེད་བསྟན་པ་ལེགས་སྤེལ་ཀྱང་། ། དུས་དེང་སང་ལད་མོའི་འཆད་ཉན་ཙམ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། མཆོག་སྣང་མཐའ་ཡས་དངོས་ཐམས་ཅད་མཁྱེན། ། རྗེ་བློ་བཟང་དཔལ་ལྡན་ཡེ་ཤེས་ཉིད། ། དཔལ་བསྟན་འགྲོའི་ཉི་མ་གུང་ལ་ནུབ། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། ཕ་བློ་བཟང་རྒྱལ་བའི་རྣམ་འཕྲུལ་ཆེ། ། ཤར་ཙི་ནའི་མཆོད་ཡོན་ཉི་ཟླ་ཟུང་། ། དུས་དེང་སང་གསང་གསུམ་བསྒྲེས་ཚུལ་བཟུང་། ། དཔེ་འདིས་ཀྱང་མི་རྟག་ངང་ཚུལ་སྟོན། ། མཆོག་སངས་རྒྱས་ནས་བཟུང་ས་རྡོ་ཡང་། ། ཆོས་མི་རྟག་རྒྱུན་དུ་མངོན་སུམ་དུ། ། དུས་ཉིན་མཚན་མེད་པར་བསྟན་ན་ཡང་། ། ཁྱོད་ད་དུང་རྟག་འཛིན་བྱེད་པ་མཚར། ། ལར་མ་ལས་སྐྱེས་པའི་གཞོན་ཤ་ཡང་། ། ཕྱི་ཉི་ལྷག་གཉིས་ཀྱིས་ལེགས་སྦྱངས་པས། ། བཞིན་མདོག་ནག་གཉེར་མས་ཁེབས་ལ་ཉེ། ། ད་ལང་ཚོས་དྲེགས་པ་སུ་ལ་བྱེད། ། ནོར་གསེར་དངུལ་བང་མཛོད་མང་པོ་ཡང་། ། རང་བསགས་མཁན་སྤྱོད་པ་རེ་རེ་ཙམ། ། ཁྱོད་ད་དུང་གསོག་འཇོག་སྐྱེན་པོ་དེ། ། ཚེ་ཕྱི་མར་ཕན་ན་ཅི་མ་རུང་། ། འཁོར་སྟོབས་འབྱོར་ལང་ཚོས་བཅིངས་རྣམས་ཀྱང་། ། རང་གཅིག་པུར་འགྲོ་ཚེ་སྐྱེལ་མཁན་མེད། ། དགྲ་འཇིགས་བཅས་བར་དོར་འཁྱམས་པའི་ཚེ། ། ཁྱོད་གཡོག་འཁོར་འཁྲིད་དབང་ཡོད་དམ་ཅི། ། གདན་དར་ཟབ་སྲིན་བལ་ནང་ཚང་ཅན། ། ལུས་བདེ་ཞིང་འབོལ་བ་ཆ་མཆིས་ཀྱང་། ། སྲོག་ཟུངས་ཟད་རུས་སྒང་ལུས་པའི་ཚེ། ། གདན་འཇམ་མཐུག་ཚེར་མ་བས་ཀྱང་རྩུབ། ། ཟས་དཀར་མངར་འཛོམ་པའི་བཟའ་བཏུང་ཀྱང་། ། ཕྲལ་དགའ་བདེ་སྐྱིད་པ་ཆ་མཆིས་ཀྱང་། ། ནད་བད་མཁྲིས་འཛོམ་པས་མགྲིན་བཀག་ཚེ། ། ཟས་བདུད་རྩི་ཡིན་ཀྱང་དུག་ལས་ཁ། ། གོས་མདོག་ལེགས་དབང་བོའི་གཞུ་འདྲ་བ། ། ཕྲལ་མིག་ལ་མཛེས་པ་ཆ་མཆིས་ཀྱང་། ། ནད་ཟུག་རྔུའི་སྐྱུགས་སྦྱོང་གིས་སྦགས་ཚེ། ། མི་ཕལ་ཆེར་ཞེན་པ་གཏིང་ནས་ལོག ། འབངས་མི་སེར་ས་ཡི་དྲེག་པ་ཙམ། ། ཕྲལ་མཁོ་དགུ་བསྒྲུབ་པ་ཆ་མཆིས་ཀྱང་། ། སང་མི་འཚོ་ནད་ཀྱིས་བཏབ་པའི་ཚེ། ། ཆུ་ཕོར་གང་སྐྱེལ་བ་ཁག་སུན་ཟེར། ། ལར་འདི་སྣང་བདེ་བར་མིང་བཏགས་ཕལ། ། ཕུག་སྡུག་བསྔལ་ཀུན་གྱི་སྒོ་མོ་ཡིན། ། ད་ཚེ་འདིའི་བདེ་སྐྱིད་ཁྱད་བསད་ནས། ། ཆོས་བཤའ་མ་ནུས་ན་ཡིད་རེ་ཚིམ། ། དུས་དང་སང་དགེ་བཤེས་ཕལ་ཆེར་ཡང་། ། ཚེ་འདི་སྣང་རྙེད་བཀུར་ཕྱིར་དག་ཏུ། ། ཆོས་གྲུབ་མཐའ་གྲངས་མེད་དཔག་མེད་བསླབ། ། འདི་བྱང་ཆུབ་རྒྱུ་ལ་ཨེ་སོང་ཨང་། ། དུས་དེང་སང་བསྟན་འཛིན་ཕལ་ཆེར་ཀྱང་། ། བསྟན་འགྲོ་བའི་ཞབས་འདེགས་སྙད་བཏགས་ནས། ། མི་ཆེན་པོའི་དབུ་བླ་ཨེ་ཚུད་གནང་། ། དེས་རྒྱལ་བསྟན་འཛིན་སྤེལ་ཨེ་བྱུང་ཨང་། ། དུས་དེང་སང་གྲྭ་སློབ་ཕལ་ཆེར་གྱིས། ། རང་བླ་མ་མཐོ་འགྲོགས་བསྙེན་བཀུར་བསྒུག ། དེ་བླ་མའི་ཞབས་ཏོག་ཡིན་པར་རློམས། ། དེ་དཔོན་སློབ་གཉིས་ཕུང་མ་བྱུང་ཨང་། ། དུས་དེང་སང་སྦྱིན་བདག་ཕལ་ཆེར་འགའ། ། ཆོས་རྣམ་དག་སྒྲུབ་ལ་མི་གུས་པར། ། དར་གོས་བེར་མཛེས་པའི་བླ་མ་མཆོད། ། དེས་འདི་ཕྱིའི་གཏན་བདེ་ཨེ་འགྲུབ་ཨང་། ། ལར་རང་ཉིད་སྲིད་པའི་གནས་ཚུལ་འགས། ། སྟིང་ཡང་ཡང་སྐྱོ་བའི་རྐྱེན་བྱས་ནས། ། སེམས་གང་དྲན་ཁ་ནས་ཤོར་བ་ལ། ། མི་མཆོག་དམན་ཐུགས་རྒྱུད་མ་འཁྲུགས་ཤིག ། ཚེ་འདི་ཕྱི་གཉིས་དང་བར་དོ་སོགས། ། དུས་སྐྱིད་སྡུག་ཇི་ལྟར་གྱུར་ཀྱང་བདག ། ཕ་བྱམས་པ་མགོན་དང་དབྱེར་མེད་པས། ། དུས་གཏན་དུ་ཐུགས་རྗེས་བཟུང་དུ་གསོལ། ། གཏམ་འདི་ཐོས་བློ་སྣ་ཐུང་སྲིད་ན། ། ཆོས་ཟོབས་རྫུ་མེད་པའི་ཉམས་ལེན་གྱིས། ། རང་གཅེས་འཛིན་མཆིལ་ལྷམ་བཞིན་ཕུད་ནས། ། མཆོག་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །།

   ཅེས་མི་རྟག་པས་རྒྱུད་བསྐུལ་བའི་མགུར་འདི་ནི་བ་སོ་ཆོས་རྒྱན་གྱི་མཆོག་སྤྲུལ་རྟ་ཚག་སྐུ་ཕྲེང་བརྒྱད་པ་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་དཔལ་ལྡན་འབྲས་སྤུངས་སུ་ཆོས་འགྲིམ་སྐབས་སུ་བགྱིས་པའོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com