ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ནང་བསྟན། >> མཚོན་དོན་དྲན་པའི་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །

མཚོན་དོན་དྲན་པའི་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དམ་ཆོས་འཇིགས་མེད།] [ཟླ་ཚེས། 11-09-30] [ཀློག་གྲངས། ]

                                                                                                                                      

                                                                        ༄༅། ། འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི། །
                                                                          སྐུ་མདོག་དཀར་གསལ་ཤིན་ཏུ་དགྱེས་ཉམས་ཅན། ། 
                                                                          ཕྱག་གཉིས་ཆོས་འཆད་གླེགས་བམ་རལ་གྲི་སོགས། །
                                                                          མཚོན་དོན་ཙམ་ཞིག་བདག་གིས་བྲི་བར་བྱ། ། 
      དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཁྱད་ཆོས་བརྗོད་པ་ནི། མདོ་སྔགས་གཉིས་དང་སྟོང་བ་རྟེན་འབྱུང་ཟུང་འབྲེལ་དུ་སྟོན་པའི་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ། མཚོན་དོན། འཆད་པ། སྟོང་བ་རྟེན་འབྱུང་ཟུང་འབྲེལ་དུ་རྟོགས་པའི་ཤེས་རབ་རལ་གྲི མཚོན་དོན། རྩོད་པ། ལུང་དང་རྟོགས་པའི་ཡོན་ཏན་གླེགས་བམ། མཚོན་དོན། རྩོམ་པ། ལུང་དང་རྟོགས་པའི་ཡོན་ཏན་གྱི་རྩ་བ་ཨུཏ་པད། མཚོན་བྱེད། ལམ་གཙོ་རྣམ་གསུམ། བསྲེགས་བཅད་བརྡར་བའི་གསེར་བཞིན་རྒྱལ་བའི་དགོངས་པ་གསལ་བར་མཛད་པའི་པཎ་ཞྭ། མཚོན་དོན། གངས་ཅན་ལྗོངས་འདིར་རྒྱལ་བའི་དགོངས་པ་སྟོང་བ་རྟེན་འབྱུང་སྟོང་བའི་དོན་གཉིས་ཟུང་འབྲེལ་དུ་གསལ་བར་བྱེད་པ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཉིད་ལ་ཡོད་པར་བསྟན། ལྟ་བ་ཕུ་ཐག་ཆོད་པས་རྩེ་མོ་རྣོ་བ། མཚོད་བྱེད། ལྟ་བ་ཕུ་ཆོད་པ་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཁོ་ན་ལ་ཡོད་པར་བསྟན། རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་བསླབ་གསུམ་མངའ་བས་ཆོས་གོས་གསུམ་གསོལ། མཚོན་དོན། དགེ་འདུན་གྱི་སྡེ་ཚུལ་ཁྲིམས་ཀྱི་བསླབ་པ་རྩ་བར་བཅས་ནས་བསླབ་གསུམ་ཡ་མ་བྲལ་བར་བསྟན་པར་བྱེད། རྡོ་རྗེ་དཀྱིལ་ཀྲུང་གིས་རྟོགས་པ་ཡོན་ཏན། མཚོན་བྱེད། སྟན་ཐོག་གཅིག་ལ་གང་ཟག་གཅིག་རྒྱལ་བའི་གོ་འཕང་ཐོབ་པར་བསྟན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་འཕྲིན་ལས་པདྨ། མཚོན་བྱེད། རྗེ་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཡོན་ཏན་ལས་འཁྲུངས་པར་བསྟན། གོང་དུ་བརྗོད་པ་ལྟར། དེའི་ཕྱིར་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་ཡིད་ཆེས་པའི་དད་པས་གསོལ་འདེབས་སྨོན་ལམ་བྱས་ན་རྨད་བྱུང་བཀོད་པའི་ཞིང་དུ་རྒྱལ་བ་སེང་གེའི་ང་རོ་དང་མཇལ་ནས་འཁོར་བ་ལས་གྲོལ་བར་དམ་པ་རྣམས་ཀྱིས་གསུང་པས་བློ་ལྡན་དག་གིས་ཅི་ནུས་ཀྱིས་གསོལ་བ་འདེབས་པ་ལ་འབད་པར་བྱའོ། བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་དེས་དུས་དེ་ནས་བཟུང་སྟེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་མཛད་བཞིན་པ་ནས་སྟོན་པ་བཅོམ་ལྡན་འདས་འཕགས་ཡུལ་དུ་བྱོན་པའི་ཚེ་པདྨའི་ངང་ལྡན་བྲམ་ཟེའི་ཁྱེའུ་ཞིག་ཏུ་གྱུར་དེ་འཇམ་དཔལ་སྤྲུལ་པ་མོས་པའི་བློ་གྲོས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ལ་སློབ་དཔོན་དུ་བསྟེན་ནས་ཆོས་མང་པོ་གསན། དེ་ནས་བྱང་ཆུབ་སེམས་དཔའ་དེས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁྲིད་པས་སངས་རྒྱས་ལ་དད་པས་ཕྱག་འཚལ་ནས་ཤེས་དཀར་གྱི་ཕྲེང་བ་བརྒྱ་རྩ་གཅིག་ཕུལ་བ་ནི་དགོས་པ་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་ཡང་མཚོན་བྱེད་ལྔའི་བརྗོད་པར་བྱེད་དེ། མཚོན་བྱེད་དང་པོ། གྲངས་བརྒྱས་རྗེ་རིན་པོ་ཆེས་ཡོན་ཏན་ཐམས་ཅད་རྫོགས་པའི་དགོས་པ་བསྟན། མཚོན་བྱེད་གཉིས་པ། དེའི་སྟེང་དུ་གཅིག་ལྷག་པས་འཕྲིན་ལས་མཚུངས་པ་མེད་པའི་དགོས་པ་བསྟན། མཚོན་བྱེད་གསུམ་པ། ཕྲེང་མདོག་དཀར་པོས་རྗེ་བླ་མའི་བསྟན་པ་ལ་ནོར་འཁྲུལ་གྱི་དྲི་མ་མེད་པར་འགྱུར་བའི་དགོས་པ་བསྟན། མཚོན་བྱེད་བཞི་བ། ཤེལ་གྱིས་རྗེ་བླ་མའི་བསྟན་པ་དང་བསྟན་འཛིན་རྣམས་ལ་གཞན་གྱི་གནོད་པས་མི་ཚུགས་པའི་དགོས་པ་བསྟན། མཚོན་བྱེད་ལྔ་བ། ཕྲེང་བར་བྱས་པས་རྗེ་བླ་མའི་ཐུགས་རྗེའི་སྨོན་ལམ་དང་བྱིན་རླབས་ཀྱི་མཐུ་ལས་བྱུང་བ་ཡིན་ནོ། འདིས་མཚོན་ནས་རྗེ་བླ་མའི་མཛད་པའི་ཆ་ཤིན་ཏུ་ཕྲ་བ་རྣམས་ལའང་བསྟན་འགྲོར་ཕན་པའི་དགོས་དོན་ཆེན་པོ་ཡོད་པ་ཡིན་པས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྐུའི་སྒོ་ནས་ཤེས་རབ་ཆེ་བ། གསུང་གི་སྒོ་ནས་གསལ་བ། ཐུགས་ས་བོན་སྒོ་ནས་མྱུར་བ། ཕྱག་མཚན་སྒོ་ནས་ཟབ་པ། གླེགས་བམ་གྱི་སྒོ་ནས་འཆད་པ། རལ་གྲིའི་སྒོ་ནས་རྩོད་པ། ཨུཏ་པལ་གྱི་སྒོ་ནས་རྩོམ་པ་བཅས་བསྟན་པས་བློ་ལྡན་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་བྱའོ། ། 
                                                                                     འདིར་འབད་དགེ་ཚོགས་ཟླ་འོད་བྱེ་བ་བརྒྱས། ། 
                                                                                     རེག་པའི་ཀུ་མུད་རྩེ་དགའ་འཛིན་པ་དེས། ། 
                                                                                     འགྲོ་བ་ཀུན་ཀྱང་མཚན་ལྡན་བཤེས་གཉེན་གྱིས། ། 
                                                                                     ནམ་ཡང་འབྲེལ་མེད་དགྱེས་བཞིན་རྗེས་འཛིན་ཤོག ། 
                                                                                     རྒྱ་ཆེན་གཞུང་ལ་ཡུན་རིང་མ་སྦྱངས་ཤིང་། ། 
                                                                                     ཕྲ་ཞིབ་འབྱེད་པའི་རིགས་པའི་ལམ་མེད་པར། ། 
                                                                                     གཟུ་ལུམ་རང་དགར་སྤྱོད་པའི་ངན་ཤེད་ཀྱིས། ། 
                                                                                     བློ་ཆུང་རིམ་པའི་གྲལ་དུ་ཞུགས་པ་རྣམས། ། 
                                                                                     གྱ་ཚོམ་དགག་སྒྲུབ་ངལ་བ་དོན་མེད་དེ། ། 
                                                                                     རྨོངས་པ་འདི་ཀོ་ཞེས་པའི་བརྡར་ཡང་འགྱུར། ། 
                                                                                     དེ་ཕྱིར་རིག་གཞུང་ཆུ་གཏེར་རྒྱ་མཚོ་ཆེར། ། 
                                                                                     ལེགས་པར་སྦྱངས་པའི་ཡ་རབས་སྤྱོད་པའི་ཚུལ། ། 
                                                                                     དོན་གཉིས་འདོད་དགུར་འཇོ་བ་དབང་གིས་རྒྱལ། ། 
                                                                                     གང་གིས་སྤྱི་བོར་བཅིངས་པ་སུ་ཡིས་སྨོད། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com