ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ནང་བསྟན། >> སྐལ་ལྡན་མགུར་མ།

སྐལ་ལྡན་མགུར་མ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐལ་ལྡན་རས་པ།] [ཟླ་ཚེས། 10-05-28] [ཀློག་གྲངས། ]

          རྗེ་སངས་རྒྱས་ཀུན་དང་དབྱེར་མེད་པའི། །མགོན་བློ་བཟང་བསྟན་པའི་རྒྱལ་མཚན་དེ། །དུས་ལན་རེ་དྲན་ཡང་དད་པ་གཡོ། །ཕ་ཐུགས་རྗེ་མ་ཆུང་བྱིན་གྱིས་རློབས། །ཀླུ་བྱང་ཆུབ་སེམས་དཔའ་གནས་པའི་མཚོ། །མཚོ་སྔོན་པོ་ཁྲི་ཤོག་རྒྱལ་མོ་དེ། །དུས་དགུན་གསུམ་དར་དཀར་ན་བཟའ་གསོལ། །དར་དཀར་པོའི་ལམ་དེ་ལྷ་ཡི་ལམ། །ལྷ་མ་ཧཱ་དེ་བའང་དེ་ན་བཞུགས། །དཔལ་ཨོ་རྒྱན་པདྨས་བྱིན་གྱིས་བརླབས། །སྔོན་གྲུབ་ཐོབ་མང་པོ་དེ་རུ་བཞུགས། །ཁོང་འབྱོར་ལྡན་ཡོན་བདག་དེ་ན་མང་། ཆུ་ཁྲི་འབུམ་འདུས་པ་མཚོ་དེ་ཡིན། །བྱ་སྣ་ཚོགས་ཀྱི་སྐད་སྙན་མཚོ་དེར་སྒྲོགས། །རླབས་ཆུ་གཉེར་གྱི་རི་མོའང་མཚོ་དེར་གཡོ། །འཕྲལ་ཉམས་དགའི་གཟིགས་མོ་དེ་རུ་ཡོད། །ཉ་གསེར་མིག་གི་རྩེ་འཇོ་དེ་རུ་སྟོན། །གྲོགས་རི་དྭགས་ཚོ་བག་ཕེབས་དེ་རུ་རྩེ། །ལྷ་དཀར་ཕྱོགས་ལ་དགའ་བ་དེ་ན་མང་། །ཆོས་ནུས་ན་ཆོས་ལྡན་གྱི་འཕྲིན་ལས་བསྒྲུབ། །སྔོན་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་།།རྗེ་གཟིམ་ཁང་གོང་གི་སྤྲུལ་བའི་སྐུ། །དཔལ་སྟོང་སྐོར་སྤྲུལ་པའི་སྐུ་སོགས་དང་། །སྒོས་རྡོ་རྗེ་འཆང་དབང་མི་གཟུགས་ཅན། །མགོན་བསྟན་འཛིན་བློ་བཟང་རྒྱ་མཚོ་དེ། །དུས་ཡུན་རིང་བཞུགས་ཤིང་བྱིན་བརླབས་པ། །དེ་ལན་རེ་དྲན་ཡང་དད་པ་གཡོ། །མགོན་དེ་ཉིད་བཞུགས་པའི་མཚོ་སྔོན་འགྲམ། །ས་བྱིན་ཆགས་བཀྲ་ཤིས་ཕུན་ཚོགས་དེ། །ཡུལ་དེ་ཡི་བཅུད་བསྡུས་གཡང་གི་མཚོ། །རི་ཉམས་དགའ་ནགས་ཚལ་བཅས་པ་སོགས། །ཡུལ་དེ་འདྲ་བསྟེན་ན་དགའ་བ་ལ། །དབྱིངས་སྤྲོས་བྲལ་ཟབ་མོའི་ཉམས་ལེན་དང་། །ལམ་བྱམས་དང་སྙིང་རྗེའི་གོ་གྱོན་ནས། །དགྲ་ཉོན་མོངས་ཀྱི་དཔུང་དང་འཐབ་ནུས་པའི། །དཔའ་པོ་ཁྲོམ་གཤོག་ཅིག་ལ་ཡིད་སྨོན་བྱེད། ཧ་ཧ་འཇིག་རྟེན་ཆོས་བརྒྱད་འདི་ལ་ལྟག་པ་སྟོན། །ཨ་ལ་ལ་ཤོམ་ར་དེ་འདྲ་གཅིག་བྱུང་ན་སྐྱིད་པ་ལ། །ཞེས་པ་དེ་ཡང་སྐལ་ལྡན་རྒྱ་མཚོས་ཆུ་ཕོ་སྟག་ལོའི་དགུན་དུས་སུ་བྲིས་པའོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com