ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བྱམས་སྙིང། >> གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག །

གཞུང་བཀའ་པོད་ལྔ་ཡི་སྨོན་ལམ་མཁས་པའི་ཡིད་འཕྲོག །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ལྡན་མ་དགེ་བཤེས་སྟོང་དཔོན །] [ཟླ་ཚེས། 10-05-27] [ཀློག་གྲངས། ]

༄༅། ། དཔལ་ལྡན་ཚོགས་གཉིས་ཕུན་ཚོགས་ལས་འཁྲུངས་ཤིང་། །རབ་འབྱམས་རྒྱལ་བ་ཡོངས་ཀྱི་ འཕྲིན་ལས་མཆོག །

མཆོག་དག་གསེར་བཞིན་སྤེལ་འཛིན་རྣམས་ཀྱི་ཏོག །རྒྱལ་བ་བློ་བཟང་གྲགས་པར་ཀུན་ནས་འདུད། །

དགེ་ལེགས་མཆོག་བྱེད་ངེས་འབྱུང་ཡོན་ཏན་མཚོར། །འབུམ་ཕྲག་འདུལ་གཞུང་ཀླུང་ཀུན་འདུས་པའི་དགེས། །

ཚུལ་ཁྲིམས་རིན་ཆེན་འོད་མང་ཆགས་པ་ཡི། །གཞི་རྩ་མཆོག་གྱུར་སྙིང་ལ་ཞུགས་གྱུར་ཅིག །

ཤེས་བྱའི་གཞི་ལྔའི་གཏམ་གྱི་དབྱིག་འཛིན་པ། །ཆོས་མངོན་རྒྱ་མཚོ་ཐོགས་མེད་རྒྱས་པའི་གཉེན། །

སྨན་མཆོག་ལེགས་སྒྲུབ་དམ་པའི་མཛོད་ཆེན་དུ། །རྟག་ཏུ་ལེགས་ཞུགས་སྐྱེ་ཕྲེང་སྤེལ་གྱུར་ཅིག །

ཚུལ་དང་ཚུལ་མིན་རྣམ་འབྱེད་ཚད་མ་ཡི། །ཆོས་ཚུལ་མཆོག་ཏུ་རྒྱས་པའི་གཟི་འོད་ཀྱིས། །

མུན་སྟུག་ཀུན་བསལ་ཤེས་རབ་སྒྲོན་མེ་ཡི། །བྱང་ཆུབ་བར་དུ་གྲགས་པ་འབར་གྱུར་ཅིག །

ཐེག་གསུམ་ལམ་མཆོག་ཡོངས་ཀྱི་མངོན་རྟོགས་ལམ། །བྱམས་བརྩེའི་རིགས་པའི་སྟོབས་ཤུགས་ཡོངས་རྫོགས་པའི། །

སེང་གེའི་ཁྲི་བཟང་ལ་བཞུགས་རྒྱལ་ཚབ་ཀྱི། །དགོངས་འབྱེད་ཉི་མ་ཆེན་པོར་བདག་གྱུར་ཅིག །

མཐའ་བྲལ་གཞུང་ལུགས་ཀུ་མུད་ཟླ་འོད་བཞིན། །ཡོངས་རྫོགས་སྙིང་པོའི་གཏམ་གྱི་དབུ་མའི་ནོར། །

འཛིན་པ་མཆོག་གྱུར་ཀླུ་སྒྲུབ་གྲགས་པ་བཞིན།།བདག་གི་སྙིང་ལ་ཀུན་ནས་བརྟན་གྱུར་ཅིག །

གང་དེའི་འགྲེལ་ཚུལ་མཐའ་དྲུག་ཚུལ་བཞི་ཡིས། །རྒྱས་ བཏབ་ཀུན་དཀྲོལ་རྡོ་རྗེ་འཆང་བཞིན་དུ། །

ཐ་མལ་སྣང་རྟོག་ཀུན་བསལ་ཟུང་འཇུག་མཆོག །དེ་ལ་ཀུན་འགོད་ཆེན་པོར་བདག་གྱུར་ཅིག །

སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །

དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །

                                       ལྡན་མ་དགེ་བཤེས་སྟོང་དཔོན་གྱིས་སྦྱར་བའོ། ། 
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com