ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བྱམས་སྙིང། >> ཕ་མའི་དྲིན་ལན་བསབས་པའི་སྙིང་བོ་བསྡུས་པ་བཞུགས་སོ།

ཕ་མའི་དྲིན་ལན་བསབས་པའི་སྙིང་བོ་བསྡུས་པ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བིས་པ་ངག་དབང་མི་ཕམ་ཟླ་བས་མཛད།] [ཟླ་ཚེས། 10-05-26] [ཀློག་གྲངས། ]

ན་མོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།།མཁྱེན་བརྩེ་ནུས་པའི་རང་གཟུགས་སྤྱན་རས་གཟིགས།།
བླ་མ་སྐལ་ལྡན་རྒྱ་མཚོ་ཐུགས་རྗེ་ཅན།། བདག་གི་དྲིན་ཅན་ཕ་མ་ཐུགས་རྗེས་སྐྱོངས།།

 

བླ་མ་ཁྱེད་ལས་ལྷག་པའི་སྐྱབས་གནས་མེད།།ཕ་མ་འདི་བས་ལྷག་པའི་དྲིན་ཅན་མེད།།
ད་རེས་མིན་པ་དྲིན་ངོ་ཇི་ལྟར་ཤེས།། དྲིན་ལན་མྱུར་དུ་བསབ་པར་ཅིས་ཀྱང་འདོད།།

 

འདོད་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས།། ཐུགས་རྗེ་མ་ཆུང་བླ་མ་སྤྱན་རས་གཟིགས།།
ཀྱེ་མ་བདག་དང་ཕ་མ་རིགས་དྲུག་རྣམས།། མཐའ་མེད་འཁོར་བའི་འཇིགས་ལས་བསྐྱབ་ཏུ་གསོལ།།

 

འཁོར་བ་འདི་ལ་ཐོག་མཐའ་མ་མཆིས་པས།། སྐྱེ་བ་འདི་ལ་གྲངས་ཤིག་ག་ལ་ཡོད།།
ལུས་རྟེན་འདི་འདྲ་མ་བླངས་བྱ་བ་དང་།།ཡུལ་ཕྱོགས་འདི་རུ་མ་སྐྱེས་བྱ་བ་མེད།།

 

བདག་ནི་འཁོར་བ་ཁམས་གསུམ་གར་སྐྱེས་ཀྱང་།། སྐྱེ་གནས་བཞི་བོ་གང་ཡང་རུང་བར་སྐྱེས།།
 དེ་ལས་མངལ་དང་སྒོང་སྐྱེས་ཐམས་ཅད་ནི།། དྲིན་ཅན་ཕ་མ་དག་ལ་བརྟེན་ནས་སྐྱེས།།

 

སྐྱེ་བ་ཐོག་མ་མེད་ནས་ཡང་ཡང་དུ།། ཕ་མར་གྱུར་ནས་དྲིན་གྱིས་བསྐྱངས་པ་ཡི།།
དྲིན་ཅན་ཕ་མ་འདི་དག་སྙིང་རེ་རྗེ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

སྐྱེ་བ་སྔོན་གྱི་ལས་དང་སྨོན་ལམ་མཐུས།། ཚེ་འདིའི་ཕ་མ་བུ་ཚར་གྱུར་པ་ལས།།
བརྩེ་གདུང་ལྷག་པར་ཆེ་བའི་དྲིན་ཅན་མ།། བླ་མ་སྤྱན་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ལྷ་བས་ལྷག་པའི་རྙེད་དཀའི་དོན་ཆེ་བ།། ཆོས་བའི་མི་ལུས་ཡིད་བཞིན་ནོར་བུ་འདི།།
ད་ལྟ་གང་ལས་རྙེད་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ཨ་མ་དྲིན་ཅན་ལུས་ཀྱི་སྒྲོམ་བུ་ནས།། ཤ་ཁྲག་གདོས་བཅས་ཕུང་བོ་གཅེས་སྤྲས་ཀྱིས།།
ཟླ་ངོ་བཅུ་ལ་འཁུར་བའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ཐུར་སེལ་རླུང་གིས་འབྱུང་བ་གཡོས་པའི་ཚེ།། ཤ་རུས་ཁ་ཁར་འདྲལ་བའི་སྡུག་མྱོང་ཡང་།།
སེམས་ལ་མི་དགའ་མེད་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

མཇལ་ནས་ཁྲག་དང་ཆུ་སེར་ལྷན་ཅིག་ལུས།།བཙས་མ་ཐག་ཏུ་གཙང་མའི་ཆབ་ཀྱིས་བཀྲུས།།
 བྱི་དོར་གང་ལེགས་བགྱིས་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ཤ་རུས་ཉོར་ཉོར་ལེན་སྣ་མེད་པའི་དུས།། ལག་པས་འཇམ་པོར་བླངས་ནས་པང་དུ་བཟུང་།།
ཁ་སྣ་ལྕེ་ཡིས་ལྡག་པའི་དྲིན་ཅན་མ།། བླ་མ་སྤྱན་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

རང་ལུས་རང་གིས་སྐྱོབ་པའི་ནུས་པ་མེད།། ཉི་ལྷགས་ཆར་གྱི་གདུང་བ་མྱུར་དུ་བསྐྱབས།།
གོམ་པ་ཙོག་པོར་འཇོག་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ཁ་ཡིས་ཟས་སྙོད་མི་གཙང་ལག་པས་ཕྱིས།། སྣབས་ལུད་དྲི་མ་ཁ་རུ་སོང་ན་ཡང་།།
སྣང་བ་ཞེན་པ་མ་ལོག་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

བྲང་ལ་ནུ་འབར་རྒྱས་པའི་འོ་འཛིན་ལས།། བྱམས་པའི་ཤུགས་ཀྱི་ཟག་པའི་ནུ་ཞོའི་རྒྱུན།།
ནམ་འདོད་ཁ་རུ་བསྣུན་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ཉིན་མཚན་མེད་པར་རུམ་ཕུག་དྲོ་བར་བཅུག། མཚན་མོ་གཏུ་མིག་གཉིད་ཀྱིས་ནོན་པའི་ཚེ།།
གསོད་དོགས་ནུབ་གཉིད་ཆགས་པའི་དྲིན་ཅན་མ།།བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

འགྲང་དུས་འཛུམ་ཞིང་བགད་ན་སྤྲོ་བ་སྐྱེས།། ལྟོགས་དུས་གཡོ་ཞིང་ངུ་བ་སྐད་ཅིག་ཀྱང་།།
མི་བཟོད་ནུ་མ་བསྣུན་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

རྐང་བཞི་དུད་འགྲོ་ལྟ་བུར་འགྲོ་བའི་དུས།། ལག་མགོས་འཐེན་ནས་རྐང་གཉིས་འདེགས་འཇོག་གི།
གམ་ཙེ་གོམ་ཙེ་སློབ་པའི་དྲིན་ཅན་མ།།བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

དང་པོ་གླེན་པ་ལུག་ལྟར་ལྐུགས་པ་ཞིག། ད་ལྟ་ཐམས་ཅད་སྨྲ་ཞིང་དོན་གོ་བའི།།
མི་སྐད་འདི་ཙམ་བསླབས་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ལོ་གསུམ་དུས་སུ་གར་འགྲོ་མིག་གིས་འཚོ།། ལོ་བཞི་ལ་སོགས་གང་ལོན་གཟུགས་ཚོད་ཀྱི།།
ཞྭ་གོས་ལྷམ་སོགས་བསྒྲུབས་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

ལོ་བཅུ་ལོན་ནས་རང་མགོ་ཐོན་པའི་ཚེ།། སེམས་ཀྱི་ཁོ་ཐག་ཆོད་པའི་དགའ་སྐྱིད་དང་།།
རྟག་ཏུ་སྡོད་སྙམ་འགྲོགས་པའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

སྐྱེས་ཙམ་ཉིད་ནས་ཇི་སྲིད་འགྲོགས་པའི་བར།། བྱམས་པས་བ ལྟ་ཞིང་སྙན་པའི་ཚིག་གིས་འབོད།།
བརྩེ་བའི་སེམས་ཀྱིས་སྐྱོང་སྐྱོང་བའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

བླ་མ་སངས་རྒྱས་གསུང་གིས་དྲན་གསོས་ནས།། ཨ་མ་ཁྱོད་ཀྱི་སྐུ་དྲིན་ཡང་ཡང་དུ།།
 བསམས་ན་ཡིད་རབ་གཡོ་བའི་དྲིན་ཅན་མ།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

བདག་གིས་སངས་རྒྱས་གོ་འཕང་ཐོབ་འདོད་ན་ཡང་།། ཨ་མ་ཁྱོད་དྲིན་སྙིང་ནས་མ་བསམས་ཤིང་།།
གཅེས་པར་མ་བཟུང་ལམ་སྣ་ཟིན་ཐབས་མེད།།སངས་རྒྱས་ཁྱོད་ལ་རག་ལས་དྲིན་ཅན་མ།།

 

ལམ་བཟང་མ་ནོར་སྟོན་པའི་བླ་མ་དང་།། ལམ་དེ་གང་ལ་དམིགས་པའི་དྲིན་ཅན་མ།།
ལམ་མཆོག་བསྒྲུབ་ལ་དགོས་པ་ཁྱེད་མེད་ན།། སྔོན་ཆད་དེ་ལྟར་མ་ཤེས་ཤིན་ཏུ་ནོངས།།

 

ཨ་མ་ཁྱོད་དྲིན་མ་བསམ་བློ་རེ་འགྱོད།། དྲིན་ཅན་ཡལ་བར་དོར་བ་སྙིང་ནས་འགྱོད།།
མ་གུས་བརྙེས་སྨོད་བགྱིས་པ་མཐོལ་ལོ་བཤགས།། ཁ་ལན་ངག་ལན་བགྱིས་པ་མཐོལ་ལོ་བཤགས།།

 

སེམས་དཀྲུགས་ཐུགས་དང་འགལ་བ་མཐོལ་ལོ་བཤགས།། ངག་བཅག་གསུང་དང་འགལ་བ་མཐོལ་ལོ་བཤགས།།
མགོ་བསྐོར་རྫུན་གྱིས་བསླུས་པ་མཐོལ་ལོ་བཤགས།། བསྙེན་བཀུར་ཚུལ་བཞིན་མ་བྱས་མཐོལ་ལོ་བཤགས།།

 

ཕ་དང་མ་ལ་གནོད་པའི་ལས་བྱས་པའི།། སྡིག་ཅན་དེ་དག་སུས་ཀྱང་སྐྱོབ་ཐབས་དཀའ།།
སྔོན་ཚེ་སྟོན་པ་མཛའ་བོའི་བུ་མོ་རུ།། འཁྲུངས་པའི་གཏམ་རྒྱུད་སོགས་ཀྱིས་ཡིད་ཆེས་སྐྱེ།།

 

སྐྱེ་བ་འདི་ལ་དྲིན་ཅན་ཕ་མ་ཡིས།། ཆོས་ལྡན་མི་ལུས་བསྐྱེད་པའི་དོན་པོ་ལ།།
ཆོས་ཤིག་བྱུང་ན་རང་སྐྱིད་གཞན་སྐྱིད་དེ།། ཆོས་མཐུན་བསམ་པར་འགྲུབ་པར་བྱིན་གྱིས་རློབས།།

 

འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ལ།། འཆི་ཚེ་ཆོས་མིན་གཞན་གྱིས་ཕན་པ་མེད།།
ཤི་ནས་མེད་དུ་མི་འགྲོ་སྐྱེ་ངེས་ཤིང་།།སྐྱེ་བའང་ངན་འགྲོ་བདེ་འགྲོ་གཉིས་ལས་མེད།།

 

གར་ལས་ཀྱི་གཞན་དབང་མ་གཏོགས་པ།། ད་ལྟ་རང་ལ་རང་དབང་ཅི་ཡང་མེད།།
སྡིག་ཅན་བཟོད་པར་དཀའ་བའི་ངན་འགྲོ་དང་།། དགེ་བ་གང་བྱས་བདེ་ནས་བདེ་བར་འགྲོ།།

 

ངན་སོང་འཇིགས་ལས་སྐྱོབ་ནུས་དཀོན་མཆོག་གསུམ།། སྐྱོབ་ཐབས་རང་གིས་མ་བྱས་སྐྱོབ་མ་ནུས།།
བྱ་རྒྱུ་ཆོས་ལས་མེད་པར་བློ་ཐག་ཆོད།། ཆོས་ཞེས་བྱ་བ་སྡིག་སྤོང་དགེ་སྒྲུབ་ཡིན།།

 

སྐྱེས་པའི་ཐ་མ་ངེས་པར་འཆི་བ་ལ།། ཁ་དྲག་ཅན་ཡང་ཅུང་ཟད་འདུག་དབང་མེད།།
གཅིག་ཏུ་འགྲོ་ལ་ཕན་པ་དམ་པའི་ཆོས།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

བསགས་པའི་ཐ་མ་ངེས་པར་འཛད་པ་ལ།། སེར་སྣ་ཅན་ཡང་ཅུང་ཟད་འཁྱེར་དབང་མེད།།
གཅིག་ཏུ་འགྲོ་ལ་ཕན་པ་དམ་པའི་ཆོས།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

མཐོན་པའི་ཐ་མ་ངེས་པར་རྒུད་པ་ལ།། ང་རྒྱལ་ཅན་ཡང་ཅུང་ཟད་འགྱིང་དབང་མེད།།
གཅིག་ཏུ་འགྲོ་ལ་ཕན་པ་དམ་པའི་ཆོས།། བླ་མ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་ཟུངས།།

 

མ་ཁྱོད་འདི་ནས་གཅིག་པུར་འགྲོ་བའི་ཚེ།། ང་དང་ཁྱོད་དང་སྤྱན་གཟིགས་མགོན་གསུམ།།
མཇལ་བའི་སྨོན་ལམ་འཚལ་ལོ་དྲིན་ཅན་མ།། ཚེ་འདིར་ཡུན་རིང་འགྲོགས་པའི་དུས་ཀྱི་མཐར།།

 

མནར་སྤྱོད་སྡུག་བསྔལ་མེད་པར་དགའ་བཞིན་དུ།། ཞིང་མཆོག་བདེ་བ་ཅན་དེར་སྐྱེ་བར་ཤོག།
སྐྱེས་ནས་བླ་མ་སངས་རྒྱས་མཇལ་བར་ཤོག། མཇལ་ནས་བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག།

 

བླ་མ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན།། སྨོན་ལམ་ཐམས་ཅད་འགྲུབ་པར་བྱིན་གྱིས་རློབས།།
དེར་སྨྲས་པ། དམ་པའི་གསུང་ལ་བཅོས་སླད་མི་འོས་ཀྱང་།། ཕལ་བའི་ངག་སྒྲོས་བྱི་དོར་བགྱིས་པ་འདི།།

 

མི་ཕམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས།། མི་ཕམ་དཀོན་མཆོག་ཅེས་བྱའི་འདོད་ངོར་སྨྲས།།
དད་མེད་རྣམས་ལ་དོན་དུ་མི་འགྱུར་ཡང་།། དད་པ་ཅན་ལ་ཅི་ཡང་ཕན་པར་སྲིད།།

 

རྡོ་ཐོག་མྱུ་གུའི་རེ་བ་མ་མཆིས་ཀྱང་།། ཞིང་ལ་ས་བོན་གང་བཏབ་སྐྱེ་ལ་ལྟོས།།
བསོད་ནམས་གསེར་གྱི་ཐུར་མ་རིང་བོ་དེས།། རང་གཞན་ཀུན་གྱི་བློ་གྲོས་མིག་ཕྱེ་ནས།།

 

 སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་ཡུམ།། རང་ཞལ་རྗེན་པར་མཐོང་བའི་སྐལ་བཟང་ཤོག། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:tsongchu@tsongchu.com  QQ:1239685970 QQ:32460212  MSN:tibetan406@hotmail.com